ཟངས་དཀར་གྲུབ་སྲས་ཀུན་བཟང་རྡོ་རྗེའི་རྣམ་ཐར།

༈ གྲུབ་སྲས་ཀུན་བཟང་རྡོ་རྗེ་ནི། ཡབ་གྲུབ་ཆེན་དེ་ཉིད་དང༌། ཡུམ་ལྡེ་དཔལ་འཛོམས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ས་བྱི་༼༡༧༠༨༽ལོར་འཁྲུངས། གྲུབ་ཐོབ་ངག་བཅད་ཞུ་བའི་སྒྱུ་འཕྲུལ་དུ་གྲགས། སྐྱེས་སྦྱངས་ཀྱི་མཐུས་ཤེས་བྱ་ལ་མཁྱེན་རྒྱ་ཆེ། ཡབ་ལས་དབང་ལུང་ཁྲིད་གསུམ་བུམ་པ་གང་བྱོར་ཐོབ། ཡང་རྫོང་གོང་མའི་སྒྲུབ་ཕུག་ཏུ་སྐུ་མཚམས་འདག་སྦྱར་ལོ་གསུམ་ཕྱོགས་གསུམ་ལ་བཞུགས་ཏེ། ཡི་དམ་མང་པོའི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་ལ་ཐོགས་པ་མེད་པར་གྱུར། ཁྱད་པར་པད་གླིང་ཟབ་གཏེར་བླ་མ་ནོར་བུའི་རྒྱ་མཚོའི་སྒྲུབ་པ་ལ་བརྟན་པ་ཐོབ་ཅིང༌། གུ་རུ་རིན་པོ་ཆེ་ཉམས་སྣང་ལ་མཇལ་ནས་ཕྱག་རྫོགས་ཀྱི་རྟོགས་པ་འཁྲུངས། ཡབ་རྗེ་ཞི་བར་གཤེགས་རྗེས་གདན་འཛིན་ལོ་ངོ་བཅུ་དྲུག་གནང་བའི་རིང༌། དཔལ་ལྡན་ནཱ་རོའི་སྒྲུབ་གནས་ཆེན་པོ་འདི་ཉིད་ལ་ཀུན་གྱིས་བསྔགས་པའི་སྲིད་ཞུ་བསྒྲུབས་ནས་དར་རྒྱས་མཛད། སྐལ་ལྡན་སྒྲུབ་པ་ཕོ་མོ་རྣམས་ལ་གང་འདོད་ཀྱི་ཆོས་དང་ཟང་ཟིང་གིས་བསྐྱངས་ཏེ། སྒྲུབ་བརྒྱུད་ཀྱི་བསྟན་པ་ཟླ་བ་ཡར་ངོ་ལྟར་སྤེལ་བའི་མཐར། ཞེ་གཅིག་པ་ས་འབྲུག་༼༡༧༤༨༽ ལོར་སྐུའི་བཀོད་པ་བསྡུས་སོ། །