ཙཱརྱ་པ་ནག་པོ་སྤྱོད་པའི་རྣམ་ཐར།

༈ ཙཱརྻ་པ་ནག་པོ་སྤྱོད་པ་ནི། ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་ཨོ་རུ་བི་ཤའི་ཡུལ་དུ་རྗེ་རིགས་སུ་འཁྲུངས། རྡོ་རྗེ་དྲིལ་བུ་པ་དང་མཇལ་ཞིང༌། རྒྱུད་བྱིན་གྱིས་བརླབས། སློབ་དཔོན་ཛ་ལནྡྷ་རི་པ་ལ། བདེ་མཆོག་འཁོར་ལོའི་དབང་རྒྱུད་མན་ངག་གསན། སྒྲུབ་པ་མཛད་པས། ལྟ་སྟངས་བཞི་གྲུབ། དེའི་ཚེ་ཛ་ལནྡྷ་རི་པས་ཨུ་རྒྱན་དུ་རྒྱན་བྱིན་གྱིས་བརླབས་པ་ཞུ་བ་ལ་བརྫངས་པས། མཁའ་འགྲོ་མས། འདི་སློབ་དཔོན་དང་མ་མཇལ་བར་ཁ་མ་འབྱེད་ཅིག་གསུངས་ནས་གཏད་དོ། །དེ་ཁུར་ནས་འོངས་པའི་ལམ་དུ་སེམས་ཙག་ཙག་བྱེད་ནས་རྒྱན་ཁ་འབྱེད་འདོད་དེ། ཕྱེ་ནས་ལུས་ལ་བཏགས་པས་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་འགྲོ་བ་དང༌། མངོན་ཤེས་ཅི་རིགས་པ་ཤར་བས། རྒྱན་སྦེད་པའི་རྒྱུ་མཚན་དེར་འདུག་སྙམ་སྟེ། སླར་སྦས་ཏེ་སློབ་དཔོན་ལ་ཕུལ། དེ་ནས་སྤྱོད་པ་ལ་འགྲོ་བར་བཞེད་དེ། སློབ་དཔོན་ལ་ཞུར་ཕྱིན་པས། སློབ་དཔོན་གྱིས། སྤྱོད་པ་བྱེད་པ་ལ་ཚར་གཅོད་རྗེས་འཛིན་གྱི་ནུས་པ་དགོས་པས། ཁྱོད་ཀྱིས་རྗེས་འཛིན་མི་ནུས་པ་འདུག་པས། སྤྱོད་པ་ལ་མ་འགྲོ་གསུངས། བདག་གིས་འཁོར་གྱི་ནང་དུ་འགྲོ་བར་བསྒྲགས་ཟིན་པས་བཤོལ་ན་ངོ་ཚ༑ བླ་མའི་རྒྱན་གནང་ན་འགྲོ་བར་ཞུས་པས། ཅིས་ཀྱང་འགྲོ་ན་ཤར་དེ་ཝི་ཀོ་ཊར་མ་འགྲོ་ཞིག །དེའི་རྣལ་འབྱོར་མ་རྣམས་མི་བསྲུན་པས་བར་དུ་གཅོད་པར་འགྱུར་རོ་གསུངས། དེ་འཁོར་རྣལ་འབྱོར་པ་བདུན་ཅུ་རྩ་གཉིས་ཀྱིས་བསྐོར་ཅིང༌། ཞབས་ཁྲུ་གང་ཙམ་གྱི་ས་ལ་མ་རེག་བཞིན་ཡུལ་ཆེན་པོ་བཅུ་གསུམ་བསྒྲལ་ཏེ་ཤར་ཕྱོགས་བྷངྒ་ལར་འགྲོ་བར་བཞེད་དེ། གངྒཱའི་འགྲམ་དུ་སླེབས་པ་དང་མཛེ་མོ་ཞིག་ཆུ་ལ་སྒྲོལ་ཟེར་བ་ལ། རྣག་ཁྲག་འཛག་པས་རྒྱན་ཆུད་འཛའ་སྙམ་ནས་མ་ཁུར། ཆུ་ལ་ན་བཟའ་བཏིང་ནས་བཞུད་པས་མ་བྱིང་བས་ང་རྒྱལ་སྐྱེས་ཏེ། བླ་མ་ལའང་འདི་ཙམ་ལས་མེད་སྙམ་པ་དང་ཆུར་བྱིང་བ་དང༌། བླ་མ་ལ་མོས་གུས་བྱས་པས་ཐོན། དེར་འཁོར་གྱི་གསེབ་ནས་དགེ་ཚུལ་ཚེམ་བུ་པ་ཞེས་བྱ་བས་སྟོད་གཡོགས་ཀྱི་གསེབ་ཏུ་མཛེ་མོ་ཁུར་ཏེ་ཕྱིན་པས་གངྒཱའི་དབུས་སུ་སླེབས་པ་དང༌། མཛེ་མོ་རྡོ་རྗེ་ཕག་མོར་བྱས། དགེ་ཚུལ་ཧེ་རུ་ཀར་བྱས་ནས་མཁའ་སྤྱོད་དུ་སོང་ངོ༌། །དེ་ནས་ཕར་ཕྱིན་པས་རྨོན་པ་ཞིག་དང་ཕྲད་དེ། གླང་ལ་སྡིགས་མཛུབ་མཛད་པས་གླང་ཤི། ད་གསོས་ཟེར་བས་མ་ནུས། དེར་རྨོན་པ་རང་གིས་བསླངས་སོ། །མཐར་བྷངྒ་ལར་བྱོན་ཏེ། རྒྱལ་པོ་ཕྱི་རོལ་པ་ཡིན། བློན་པོ་སངས་རྒྱས་པ་ཡིན་པས། བློན་པོས་བསུ་བ་དང་བསྙེན་བཀུར་བྱས། དེ་ལ་བདེ་མཆོག་གི་དབང་བསྐུར། སྒྲུབ་ཐབས་སྦྱིན། དེས་གསང་ནས་བདེ་མཆོག་གི་རས་བྲིས་བཞེངས། བློན་པོ་གཞན་རྣམས་ཀྱིས་ཚོར་ནས། རྒྱལ་པོའི་ལྷ་ཡིས་གདན་བྱས་པའི་ལྷ་འབྲི་བ་འདི་སྲོག་དང་ནོར་གཉིས་ཀ་ལས་ཕྲལ་བར་རིགས་སོ་ཞེས་ཟེར་བས། རྒྱལ་པོས་བློན་པོ་བཀུག་སྟེ། འདི་ཁྱོད་ཀྱིས་དྲན་པ་ཡིན་ན་ཁྱོད་གསོད། ཁྱོད་ཀྱི་སློབ་དཔོན་གྱིས་དྲན་པ་ཡིན་ན་སློབ་དཔོན་གསོད་པ་ཡིན་བྱས་པས། བློན་པོ་ན་རེ། ངེད་དང་སློབ་དཔོན་གྱིས་དྲན་པ་མིན། སངས་རྒྱས་པའི་རྒྱུད་ནས་བཤད་པ་ཡིན་བྱས། དེ་བདེན་ན་འདིས་གདན་བྱས་པའི་འཇིགས་བྱེད་དང་དུས་མཚན་བྲིས་ལ། ཁྱོད་ཀྱི་འདི་དང་གཉིས་ངེད་ཀྱི་ལྷ་ཁང་དུ་གཤིབས་ཞལ་གཡོགས་ནས་ཞག་བདུན་དུ་མཆོད་པ་བྱས་ལ་ཞལ་ཕྱེ་ནས་ཇི་ལྟར་འདུག་པའི་ནུས་པ་འགྲན་ནོ་ཟེར། དེ་བཞིན་དུ་བྱས་ཏེ། ཞག་བདུན་པ་ལ་བལྟས་པས། བཅོམ་ལྡན་འདས་ནི་འོད་དང་ལྡན་ལ། བྲིས་སྐུ་གཞན་གོ་བཟློགས་ནས་འཇིགས་བྱེད་དུས་མཚན་མནན་པའི་ཧེ་རུ་ཀར་གྱུར་པས། རྒྱལ་པོ་འཁོར་བཅས་ཤིན་ཏུ་དད་པར་གྱུར་ཏེ། ཕོ་བྲང་དུ་སྤྱན་དྲངས། དེར་བློན་པོའི་ངོར་ནག་པོ་པའི་གཞུང་དྲུག་ཏུ་གྲགས་པ་མཛད། རྒྱལ་པོ་ལའང་བདེ་མཆོག་གི་དབང་རྒྱུད་མན་ངག་ཐམས་ཅད་བྱིན་ནས་ཡུལ་དེ་སངས་རྒྱས་པར་བསྒྱུར། དེ་ནས་སློབ་དཔོན་དེ་ཝི་ཀོ་ཊར་བྱོན་པ་དང༌། བུ་མོ་གཅིག་འབྲས་རྡུང་བ་ལ་བསླངས་པས་མ་སྟེར། སློབ་དཔོན་གྱིས་འབྲས་ཀྱི་ཚོམས་ལ་ལྟ་སྟངས་བྱས་པས་བཀས་པ་ན། མོས་ཀྱང་སློབ་དཔོན་ལ་ལྟ་སྟངས་བྱས་པས་ཞལ་ནས་ཁྲག་བྱུང༌། བཞུགས་སར་སླེབས་པ་དང་བསྙུངས། འཁོར་རྣམས་ལ་ཡུལ་ཉི་ཤུ་རྩ་བཞིར་ཚོགས་འཁོར་བྱེད་དུ་སོང་ལ། དེ་ནས་མེ་ཏོག་དང་སྨན་ལོངས་ཤོག་གསུངས་ནས་བཏང་བས། དེ་དག་གིས་ཀྱང་དེ་བཞིན་བྱས་ཏེ་འཁོར་བའི་ལམ་དུ་ཁྲུས་ཀྱི་རྫིང་བུ་ཞིག་ན་བུད་མེད་མང་པོ་ཁྲུས་བྱེད་པ་རྣམས་ན་རེ། ཁྲུས་མི་བྱེད་དམ་ཟེར། ལོང་མེད་སློབ་དཔོན་བསྙུངས་བས་མྱུར་བར་འགྲོའོ་བྱས་པས། དེ་རྣམས་ན་རེ། སྙུང་བ་དྭངས་སོ། །དེར་ཁོང་རྣམས་ཀྱིས་ཁྲུས་བྱས་པ་དང༌། སྨན་རྣམས་བུད་མེད་དེ་རྣམས་ཀྱིས་ཁྱེར་ནས་ནམ་མཁའ་ལ་སོང་ངོ༌། །དེར་ཕྱིན་པ་དང་སློབ་དཔོན་སྙུང་བ་མ་དྲག་པས། མཁའ་འགྲོ་མའི་བར་ཆད་དུ་ཤེས། སློབ་དཔོན་གྱི་ཞལ་ནས་ད་རེས་བླ་མའི་བཀའ་བཅག་སྟེ། མཁའ་འགྲོའི་བར་ཆད་བྱུང་བས་ལུས་འདི་བོར་ཏེ་བར་དོར་སངས་རྒྱས་འཐོབ་པར་བྱའོ་ཞེས་གསུངས་ནས་གྲོངས་སོ། །བར་ཆད་བྱེད་པའི་མཁའ་འགྲོ་མ་དེ་རྣམས་སློབ་མ་གུ་ཧྱ་པ་ཞེས་བྱ་བས་བཏུལ་ལོ། །ནག་པོ་སྤྱོད་པ་རང་གི་སློབ་མ་རྣམ་རྒྱལ་ཞབས། དེ་དཱ་རི་ཀ་པའི་ཡང་སློབ་མ། གུ་ཧྱ་པ་ལའང་གཏུགས་ཟེར། དེའི་སློབ་མ་ཏིལླི་པ་ཞེས་བདེ་མཆོག་མཁན་པོ་བྱིན་གསུངས་ཏེ། ནག་པོ་སྤྱོད་པ་དངོས་ལས་ཀྱང་འཁོར་ལོ་བདེ་མཆོག་ལུགས་གསུམ་གྱི་གདམས་ངག་ཐམས་ཅད་གསན་པས། དེ་ལས་མ་རྒྱུད་ཀྱི་བཀའ་བབ་པར་གྲགས་སོ། །