མདོ་ཁམས་པ་རིན་ཆེན་སེང་གེའི་རྣམ་ཐར།

གངས་ལྗོངས་མདོ་ཁམས་ས་ཡི་ཐིག་ལེ་རུ། །

དོན་བརྒྱུད་གདམས་ཟབ་མི་འཇིགས་ང་རོའི་སྒྲ། །

ཐོག་མར་སྒྲོག་མཁན་ཕྲིན་ལས་གཡུ་རལ་ཅན། །

རིན་ཆེན་སེང་གེ་བརྒྱུད་པ་བཅས་ལ་འདུད། །

 

༈ ཆོས་རྗེ་འབྲུག་པའི་སློབ་མ་གཞན་ཕན་འགྲོ་དོན་ནུས་པ་བརྒྱ་ཕྲག་གཅིག་བྱུང་བའི་ནང་ནས་ཁམས་སུ་ཕྲིན་ལས་སྐྱོང་བ་མདོ་ཁམས་པ་རིན་ཆེན་སེང་གེའམ་མཚན་གཞན་རྡོ་གསོལ་བའི་རྣམ་ཐར་ནི། སྐུ་འཁྲུངས་པའི་ཡུལ་ནི་ཁམས་ངམ་ཤོད་ཀྱི་ཀློང་མོ་ཆེར། ཡབ་མེ་ཉག་སྤྱོད་པ་བྱ་བ། ཡུལ་དེའི་དབང་ཆེ་ཤོས་སུ་གྱུར་པའི་མི་ཆེན། ཡུམ་ལྷ་མོ་འོད་ཟེར་ལྕམ་བྱ་བ་ལ་སྲས་ལྕམ་སྲིང་གསུམ་ཡོད་པའི་ཆེ་བར། རབ་བྱུང་གསུམ་པའི་མེ་ལུག་༼༡༡༨༧༽ལོར་བལྟམས། སྐུ་དཔེ་བྱད་གཟུགས་བཟང་ཞིང༌། དབང་པོ་ཤིན་ཏུ་གསལ་ལ་སྐུ་ན་ཆུང་ངུ་ནས་ཐུགས་གཤིས་ཅུང་ཐུང༌། ཡུམ་གྲོངས་ནས་ནེ་ནེ་གཅིག་གསང་སྔགས་རྙིང་མ་ཞིག་གི་ཇོ་མོ་ཡོད་པའི་རྩར། ཡབ་ཀྱིས་དགུང་ལོ་བཅུ་གཉིས་ལ་བསྐྱལ། དེར་ལོ་གསུམ་བཞུགས་པའི་རིང་ལ་ཡི་གེ་དང༌། ཕུར་པའི་ལས་ཚོགས་ཀྱང་གསལ་པོར་མཁྱེན། དེ་ནས་ཡབ་ཀྱིས་ཆུང་མ་ཞིག་བླངས་ནས་དགུང་ལོ་བཅུ་དྲུག་ལ་སྟབས་སུ་ལོ་གཅིག་བསྡད། བཅུ་བདུན་ལ་ཆོས་རྗེ་གཙང་པའི་ཞབས་དྲུང་དུ་སོང་ནས་རབ་ཏུ་བྱུང་ནས། མང་ཚོགས་ཀྱི་ལས་ཀྱང་བྱས། སྐབས་སུ་ཆོས་དང་ཁྲིད་ཞུས་ནས་སྒོམ། སྒོམ་པ་གཏེར་ཁུང་བའི་ཕྱག་ཕྱིར་བཙུན་ཆུང་ཉེར་ལྔ་བཏང་བའི་ནང་དུ་བཞུགས་པས། གཏེར་ཁུང་བས་རྐང་མགྱོགས་ཀྱི་དངོས་གྲུབ་བརྙེས་པ་ཡང་གཟིགས། ཞར་ཆོས་འགའ་རེ་ཞུས་པས། ཐབས་ལམ་གྱི་རས་ཐུབ་པ་བྱུང༌། ཡང་བླ་མའི་སྤྱན་སྔར་ཕྱིན་ནས་བསྒོམས་པས་སེམས་ངོ་འཕྲོད། ལུས་སེམས་ཤིན་ཏུ་ཡང་ལ་བདེ་བའི་ཡོན་ཏན་ཞབས་ས་ལ་བཞག་ཀྱང་མི་ཚོར་བ་བྱུང༌། དེ་ནས་ཁམས་པ་ཡེ་དབྱངས་དང་ལྷན་ཅིག་རི་ཁྲོད་ལ་བྱོན་ནས་ཟླ་བ་གསུམ་ཆུའི་བཅུད་ལེན་མཛད་པས། ལུས་སེམས་ཤིན་ཏུ་བདེ་བའི་ཡོན་ཏན་མང་དུ་བརྙེས། དེ་ནས་བླ་མའི་སྤྱན་སྔར་ཕྱིན། ཐུབ་པ་ལྔའི་ཁྲིད་ཚར་བ་ཞུས། གྲོགས་པོ་དྲུག་དང་བདུན་གྱིས་འཇིག་རྟེན་བློས་བཏང་བར་ཞུས་ནས། གཅིག་པུར་རི་ཁྲོད་ལ་ཟླ་བ་གཉིས་ཀྱི་རྒྱགས་བསྣམས་ནས་བཞུད། དེར་ཡི་དྭགས་ཀྱི་བར་ཆད་བྱུང་བ་ལ་ཟློག་སྒོམ་མཛད། རི་ཁྲོད་དེར་ཟླ་བ་དྲུག་བསྒོམས་པས་སྣང་སེམས་གཉིས་མེད་དུ་ཤར། དེ་ནས་འབྲུག་ཏུ་བྱོན་པའི་གླིང་མཐའ་ན་ཌ་མ་རུ་ཁྲོ་ལེ་གྲག་པའི་སྤྱིལ་པོ་དེར་བྱོན་པ་ལ། ཁམས་པ་ཡེ་དབྱངས་སོགས་འགས་མི་དར་མ་ཞིག་གི་རོ་ལ་ཚོགས་འཁོར་བྱེད་བཞིན་འདུག །ངེད་རྣམས་དུས་ཁྱད་པར་ཅན་ལ་ཚོགས་འཁོར་བྱེད་པས་ལོངས་སྤྱོད་ཁར་ཁྱེད་སླེབས་ཟེར་ནས་ཚོགས་ལྷན་ཅིག་བྱིན་པ་གསོལ། ཕྱིས་འགྲོ་དོན་དང་ཕྲིན་ལས་ཆེན་པོ་འབྱུང་བའི་སྔ་ལྟས་སུ་འདུག་གསུངས། དེ་ནས་བླ་མའི་དྲུང་དུ་རྟོགས་པ་ཕུལ་བས། ཆོས་པ་བྱ་བ་རི་ལ་སྒོམ་ནས་ཡོན་ཏན་སྐྱེད་དགོས་པ་ཡིན། གོ་བཅད་གསུངས་ནས་གདམས་ངག་གི་ལྷག་མ་རྣམས་གནང༌། རི་ཁྲོད་དང་ཚོགས་པ་ཡང་བསྒོམས། རེ་ཞིག་ལ་བསོད་སྙོམས་པ་ཉི་ཤུ་རྩ་ལྔ་བསྡེབས་པའི་འགོ་བཟུང་ནས། ཁོང་དབྱངས་སྙན་པས་མདོ་དབྱངས་མཛད་ཅིང་བྱོན་པས་ཀུན་གྱི་ཡིད་འཕྲོག་ཅིང༌། རྒྱལ་ཁམས་གར་བྱོན་ཡང་སྣང་བ་བསྒྱུར་བ་བྱུང་གསུངས། དེ་ནས་ཉེར་ལྔ་ལ་རིན་པོ་ཆེ་འབྲུག་པ་གྲོངས་ནས། ཁམས་སུ་གསེར་པ་མཁན་ཆེན་སོགས་ལ་རྟེན་སྐལ་སྐྱེལ་བའི་མགྲོན་དཔོན་ཁས་ལེན་མཁན་སུ་ཡང་མ་བྱུང་བ་ལ། ཁོང་གིས་ཀམ་པོ་གངས་རི་ལ་བཞུད་པ་ཞེ་ལ་བཞག་ནས། ཁམས་སུ་འགྲོ་བ་ཞལ་གྱིས་བཞེས། དེ་ནས་ཉེ་གནས་རྣམས་དང༌། རྟེན་སྐལ་འཕྲིན་ཡིག་རྟེན་དང་བཅས་པ་བརྫངས་ནས་ཁམས་སུ་བྱོན། གསེར་པ་མཁན་ཆེན་གྱི་རྩར་ཕེབས་ནས། རྟེན་སྐལ་དང་ཀ་ཅ་རྣམས་ཕུལ། ཁོང་གིས་བསྙེན་བཀུར་དཔག་ཏུ་མེད་པ་བྱས་ནས། ད་ཟླ་བ་གསུམ་བཞིར་ངའི་བླ་མཆོད་བྱ་ལ་བཞུགས། སང་ཙ་ན་རྟེན་བཞེངས་པའི་ཇ་དང༌། མཛོ་རྟ་ཅི་འབྱོར་སྐུར་ཙ་ན་ཡར་བཞུད་པ་ཞུ་གསུངས། དེ་ནས་ཁོང་གིས་གྲོགས་པོ་རྣམས་ལ་ཁྱེད་རང་རྣམས་མཁན་པོས་གར་གསུངས་པར་བཞུགས། ང་རི་ལ་འགྲོ་གསུངས་ནས། མཁན་པོས་བཤོལ་བའི་ཞུ་བ་ནན་ཅན་ཕུལ་ཡང་མ་གསན་པར། མགྲོན་པོ་དང་འགྲོགས་ནས་ཚ་བ་སྒང་དུ་བྱོན། གྲོགས་པོ་གསུམ་གྱིས་བདས་ནས་གུར་ཁྱིམ་དུ་སླེབས་ཀྱང་ཡར་མ་བཞུད་ནས། སྤྱང་ཡུལ་ཁྲི་རྐང་དུ་བྱོན་ནས་བསོད་སྙོམས་དང༌། དེར་རྡོའི་བཅུད་ལེན་ཟླ་བ་དགུ་མཛད། བར་བར་ལ་ཆོས་ཞུ་མི་བྱུང་ཚད་ལ་གནང༌། ཇ་གང་དྲངས་གསོལ། བཅའ་བ་གཞན་མ་བཞེས་པས། མཚན་ཡང་རྡོ་གསོལ་བར་ཐོགས། དེ་ནས་གཡག་ཤད་དུ་སྤྱང་ཡོན་ཆེན་ཨ་གཙུག་གིས་ཞབས་ཏོག་བྱས་ནས་ལོ་གཅིག་བཞུགས། དེར་དགེ་ཕྱུག་མ་བྱ་བ་ཞིག་གིས་བཻཌཱུརྻ་གཡུ་གསེར་ཕུལ་བས་མ་བཞེས་པ་ལ། དེས་བརྡུངས་ནས་སྐྲ་ལ་གཏོར་རྩིས་བྱས་པར། དེ་ཆུད་ཟ་བར་དགོངས་ནས་བཞེས། གཞན་ཟང་ཟིང་གི་འབུལ་བ་དཔག་ཏུ་མེད་པ་བྱུང་ཡང་མ་བཞེས་ཤིང༌། ཤ་ཟ་གསོལ་བའི་ཞུ་བ་ནན་ཅན་བྱས་པས། ངོ་མ་ལྕོགས་ནས་དུམ་པ་རེ་གསོལ་བས། བད་ཀན་བསླངས་ནས་ཅུང་ཟད་བསྙུངས་པ་ལ། རྒྱ་བོ་རྡོ་འབུལ་བྱ་བ་ལ་ཡོན་བདག་རྣམས་ཀྱིས་མི་རིགས་པ་གཤོམ་པ་མཁྱེན་ནས། དགེ་བསྙེན་རྡོ་འབུལ་ཁྱོད་ངའི་ནད་གཡོག་ལ་ཤོག་གསུངས་ནས་ཞབས་ཏོག་བཅོལ་བས། དེ་ལ་ཉེས་པ་མ་བྱུང་ཞིང༌། སྐུ་ཁམས་ཀྱང་དྭངས། དེ་ནས་སློབ་དཔོན་ཆེན་པོ་འཕྲང་ཕུ་པ་ལ་གོང་དུ་བྱོན་པ་གསན་ནས་བྱོན། རྟ་གཅིག་ཕུལ་ནས་ཆོས་དཔེ་འགའ་ཞུས། དེ་ནས་ཀམ་པོ་ལ་བཞུད་པར་དགོངས་ཏེ། ལམ་ངོམ་ལ་བརྒྱུད་དེ་ཀེ་ལ་བྱོན། རེག་རྩ་རྣམས་ཀྱིས་བསྙེན་བཀུར་སྦྲ་ནང་དུ་ཞུས་པའི་ཚེ། ཐོག་སེར་བབས་ནས་སྦྲ་གོང་དུ་དམར་ཧྲིལ་གྱིས་བྱུང་ཡང་བྱིན་རླབས་ཀྱིས་སུ་ཡང་མ་ཉེས། དེ་ནས་ཀ་ཕུག་ན་དགོན་པ་མཛད། གོང་གཟིགས་དཔོན་ཆེན་ཞང་སྐྱབས་སོགས་ཀྱིས་བསྙེན་བཀུར་བྱས་ནས་སུག་སྒོའི་ནོར་དུ་བྱོན་ནས་གཟིམ་སྤྱིལ་ཕུབ། དགོན་གཉིས་ན་བན་སྐྱེ་མང་དུ་ཆོས་སྒོར་བཙུད་ནས་བཞུགས་ཙ་ན། འབོ་སྒོམ་བྱུང་ནས་འདི་ན་བས་རྫ་ལ་འབྱོན་དང༌། ཕུ་ན་རྫ་གཡའ་བྲག་དང༌། གངས་སྟག་ཡག་བྱ་བ་རི་ཁྲོད་ངོ་མཚར་ཅན་ཡོད། མདའ་ན་གོང་ཟི། མང་འབྲུག་གཉིས་བཙན་ཕྱུག་གཏོང་ཕོད་ཆེ་བ་ཡོད། དཔོན་ཆེན་སེང་བློན་བྱ་བ་བཙུན་གྲགས་ཅན་གྱིས་ཞབས་ཏོག་བྱེད་ཟེར་བས། དེར་འབྱོན་པར་ཞལ་གྱིས་བཞེས་ནས། དཔྱིད་ལྷོ་པ་ཀོ་ཐང་ལ་བྱོན། རྫ་ལུང་པས་ཡོ་བྱད་ཀྱི་འབུལ་བ་མང་དུ་བྱུང་ཡང༌། མ་འཚགས་པར་མཆོད་པ་དང་སྦྱིན་གཏོང་མཛད། དེ་ནས་གཡའ་བྲག་ལ་དགོན་པ་མཛད་ནས་ལོ་འགའ་བཞུགས། དཔོན་ཆེན་སེང་བློན་སོགས་མང་འབྲུག་གི་མི་ཆེན་རྣམས་ཀྱིས་འབུལ་བ་ཞབས་ཏོག་དཔག་ཏུ་མེད་པ་བྱས། དཔོན་ཆེན་ཆབ་མདོ་བས། ཆབ་མདོར་གདན་དྲངས་ནས། ཡོན་བདག་ཏུ་ཁས་བླངས་ཤིང༌། མ་ཤི་རིང་ལོ་རེ་ལ་དབང་རེ་ཞུ་བའི་དམ་བཅས། དེ་ནས་ཡར་དགོན་དུ་བྱོན་ནས་ཐུགས་དམ་ཤིན་ཏུ་འཕེལ་ནས་ཉམས་མགུར་ཡང་མཛད། ཏིང་ངེ་འཛིན་ཟབ་མོ་ལ་མཉམ་པར་བཞག་པས་དུས་གསུམ་མ་བསྒྲིབས་པར་ཐུགས་ལ་ཤར། འཛམ་བུ་གླིང་གི་ས་མཐའ་ཚུན་ཆད་གཟིགས། དེའི་དགུན་སྨད་ཆབ་མདོ་བས་གདན་དྲངས་ནས། རུག་གྱམ་དུ་དགོན་བྱས་ནས་ཕུལ་བ་ལ་ལོ་གཉིས་བཞུགས། ཡོན་བདག་མཁར་ཁྲོད་རྒྱལ་ཡང་ཟེར་བས་རྒྱལ་གྱི་ལྷ་ཁང་བཞེངས་པའི་རབ་གནས་དང་དབང་བསྐུར་མཛད། དེའི་ལོ་ལ་པད་རུས་གདན་དྲངས་ནས་དངུལ་ཁ་དང་དགོན་པ་ཕུལ། ཡུལ་ཐམས་ཅད་ཀྱིས་འབུལ་བ་མ་བྱས་པ་དང༌། ཆོས་མ་ཞུས་པ་དང༌། གསོལ་བ་མི་འདེབས་པ་ནི་རྫ་ངོམ་གཉིས་ན་སུ་ཡང་མེད་དོ། །དེ་ནས་འགོ་ཚང་སིལ་པ་དང༌། འབར་ཚང༌། ཐོ་ཏི་བ་དང༌། སེལ་ཐོག་པ་རྣམས་ཀྱིས་ཀྱང་སོ་སོར་གདན་དྲངས་ནས་ཆོས་ཞུ་དང༌། འབུལ་བ་མང་པོ་བྱས། དེ་ནས་རག་རོ་དགོན་དང༌། རྫ་སྟོད། ཀརྨ་ལ་བྱོན་ནས་གྲུ་གུ་རས་ཆེན་དང་མཇལ། འབུལ་བ་སྣ་འགའ་མཛད། འཁོར་འགའ་རབ་ཏུ་བྱུང༌། ཚུར་ལ་ཡང་དར་ཕྱམ་གཅིག་ཕུལ་ནས་ཆོས་ཁྲིམས་ཤིག་མཛད། དེ་ནས་ཕྱིར་བྱོན་ནས་ལྡོམ་དགོན་ན་བཞུགས། དེའི་དུས་སློབ་དཔོན་འཕྲང་ཕུ་བ་སྨད་ན་བཞུགས་པ་ཡར་འབྱོན་པའི་བང་ཆེན་སླེབས་ནས། འབུལ་བ་བསྙེན་བཀུར་གྱི་སྟ་གོན་བྱས། སློབ་དཔོན་འཕྲང་ཕུ་བ་སྤྱན་དྲངས་ནས་དབང་བསྐུར་ཞུས། འབུལ་བ་བསྙེན་བཀུར་ཕུན་སུམ་ཚོགས་པ་མཛད། ཡར་གདན་སར་ཡང་འབུལ་བ་དཔག་ཏུ་མེད་པ་བསྐུར་བས། ཁོང་ཡང་མཉེས་ནས། མེས་ཚོན་པོས་ཀྱང་བླ་མ་མར་པ་ལ་འདི་ཙམ་པས་མ་ཕུལ། གཞུང་བཤད་དང་སྒོམ་ཁྲིད་གང་ལ་ཡང་ང་བས་ཁྱོད་མཁས་པར་གདའ་བས། སེམས་ཅན་གྱི་དོན་མཛོད་གསུངས་ནས་ཁོང་ཡར་བཞུད། དེ་ནས་སངས་རུ་དང་འབར་ཚང་གིས་གདན་དྲངས་ནས་ངོམ་དངུལ་ཁ་ན་བཞུགས། དཔོན་ཆེན་སེང་བློན་གྱིས་རབ་གནས་དང་དབང་བསྐུར་ཞུས། དེ་ནས་རྫ་སྟོད་ནས་རིམ་པ་ལྟར་ངོམ་ཤོད་དུ་འབྱོན་པའི་ཚེ། འབྲོ་ལྡོག་རས་དཀར་བས་མདོ་རྒྱུད་ཀྱི་དགོངས་པ་དྲི་བ་ལ། ཆགས་ཐོགས་མེད་པར་ལན་མཛད་པས། ཁོང་དགྱེས་ནས་ཆོས་འབྲེལ་ཞུས། དེ་ནས་རྫ་ངོམ་སྨད་དུ་བྱོན། དེའི་བར་མཇལ་ཚད་ཆོས་དང་ཟང་ཟིང་འབྲེལ་བ་དཔག་ཏུ་མེད་པ་མཛད། འཁོར་རྣམས་དངུལ་ཁར་བཞག་ནས་ཉིད་ཀླུ་རིང་གི་བྲག་ལ་དཔྱིད་བྱོན་ནས། ཉེ་གནས་ཀྱང་མེད་པར་ཞག་ཉི་ཤུ་རྩ་འགའ་ལ་བཞུགས། དེ་ནས་ཉེ་གནས་ཕྱིན་ཀྱང་གསོལ་ཙམ་མ་འགུལ་བར་སྣང༌། དེའི་དུས་སུ། ངེད་བྱ་བ་བཏང་ནས་རི་ལ་ཕྱིན། །བཀའ་བརྒྱུད་གོང་མའི་རྣམ་ཐར་དྲན། །ཞེས་པའི་མགུར་ཡང་གསུངས། གྲོ་ལྷོ་མུ་ཐུར་བུ་ཞེས་པས་ཞབས་ཏོག་དང་ཡོན་བདག་བྱས། དེའི་དགུན་སྨད་ནས་འཁོར་ཕལ་ཆེར་རྣམས་ཁྲིད་ནས་བྲག་ལ་བཞུགས། སྟག་པོ་དང་གྲོ་ལྷོས་ཡོན་བདག་བྱས་ནས་མཐུན་རྐྱེན་སྦྱར། འཁོར་ལ་བསྲེ་འཕོ་དང་བར་དོའི་དམར་ཁྲིད་གསུངས། སེམས་དོན་གྱི་ཁྲིད་ཟབ་མོ་ཡང་གནང༌། དེ་ནས་རག་རྡོར་དགོན་དུ་ལོ་གཉིས་བཞུགས་ནས་སྐུ་མཚམས་མཛད། རེས་ཤིག་སྐྱོ་བསངས་ན་བཞུགས་པ་ལ་སྐུ་ལུས་བཀོད་པ་གསུམ་མཛད། ཟད་པར་རླུང་གི་སྐྱེ་མཆེད་ལ་མངའ་བརྙེས་པ་ཡིན། ཡོན་བདག་ཅིག་གིས་སྤྱན་དྲངས་པའི་ཤུལ་དུ་སྔོན་སློབ་མ་རྣམས་དང་འཁོན་བྱུང་བ་ཞིག་གིས་ཁྲམ་པ་བསྡུས་ནས་ཀ་ཅ་ཁྱེར་བ་ལ། སྡེ་དགོན་གཞན་གྱིས་རྩོད་པ་བྱེད་ཟེར་ཡང་མ་གནང༌། ལྷ་ཆོས་ཀྱི་མཐུ་བྱེད་ཟེར་བ་ལ། ང་མཐུ་ཆེ་བའི་གྲགས་པ་ཐོབ་ན་བརྒྱུད་པ་འདི་མ་ཟིན་པ་ཡིན་གསུངས་ནས། ཟང་ཟིང་བྱིས་པའི་རྩེད་མོ་ཡིན། །གཞན་གྱིས་ཁྱེར་ན་ལན་ཆག་གོ། །ཞེས་པའི་མགུར་གསུངས། དེ་ནས་གཡའ་ཐང་ན་སྒོམ་པ་དཀོན་མཆོག་སོགས་ཀྱིས་གདན་དྲངས་ནས་བསྙེན་བཀུར་བྱས་ཤིང༌། བདེ་མཆོག་སོགས་ཀྱི་ཆོས་མང་དུ་གསུངས། དཔོན་འོད་ཟེར་གྱིས་ཞོ་ཏིའི་དགོན་ཕུལ་ནས། དེར་ལོ་མང་དུ་བཞུགས་པའི་ཚེ། གོང་སྟག་གཉིས། ལྡོང༌། གྲོ་ལྷོ་ཡིས་ཞབས་ཏོག་བྱས། སྤྱི་དཔོན་སྨོན་པ་གྲགས་ཀྱིས་ལ་ངོམ་གཉིས་སུ་ཡང་ཡང་གདན་དྲངས་ནས་གནས་དགོན་ཕུལ། ཡང་རེས་ཤིག་བྲག་རི་ལ་དབྱར་ཟླ་བ་གསུམ་བཞུགས་དུས་དངོས་གྲུབ་ཀྱི་ངོས་བཟུང༌། སེམས་ཉིད་ཀྱི་ངོ་སྤྲོད་ཟབ་མོ། མཐར་ཐུག་གི་དོན་རྣམས་གསུངས། འཁྲུལ་འཁོར་མཛད་ནས་རླུང་འབྱོངས་པའི་རྟགས་བསྟན། རྩ་རླུང་ཐིག་ལེ་བྱང་སེམས་ལས་སུ་རུང་བའི་རྟགས་སུ་འགྲོ་བ་དབང་དུ་འདུ་བ་དང༌། སྐུ་ལུས་རས་བལ་ལྟར་ཡང་བ་དང༌། སྐུ་མདངས་བཀྲག་ལ་འབར་བ་ནི་མངོན་དུ་གྱུར་ལ། ཞབས་རྗེས་ས་ལ་མི་རེག་པར་གཤེགས་པ་ཡང་མཐོང༌། ཡང་ཞོ་ཏི་ན་བཞུགས་པའི་དུས་འཁོར་ལོ་སྡོམ་པ། རྗེ་བཙུན་མ། མགོན་པོ་བྱ་རོག་མ༑ སྒྲུབ་སྐོར་གྱི་བཤད་པ། ཐབས་ལམ་གྱི་ཁྲིད། ཆོས་དམར་བར་གནང༌། ལྟ་སྒོམ་སྤྱོད་གསུམ་དང༌། སྣང་བ་བཀག་མི་དགོས་པའི་མགུར་ཡང་བཞེངས། རོབ་ཏུ་བན་གཙོམ་གྱིས་གནས་ཕུལ། ཤར་ན་ལྷ་སྒྲས་མཚལ་ཀ་ཕུལ། ལྷོ་ནས་འཛིང་བ་ཐར་གྱིས་ཚ་བ་སྒང་དུ་སྤྱན་དྲངས་ཀྱང་མ་བཞུད། དེའི་སྐབས་ཤིག་ཏུ་ལྡོང་དབལ་མོ་ལྟམ་ཚང་དང༌། གོང་ཟི་གཉིས་དང་མི་མཐུན་པ་འགའ་རེ་བྱུང་བ་ལ། ཡོན་བདག་རྣམས་ཀྱིས་ངས་མི་ཆོས་ཀྱི་དམག་གིས་བཏུལ། ཁྱེད་རང་ལྷ་ཆོས་ཀྱི་མཐུས་ཐུལ་ཟེར། སློབ་མ་རྣམས་ཀྱིས་དེ་ལྟར་བྱེད་དགོས་ཟེར་བ་ལ། དོན་གཉིས་ལྡན་པའི་སངས་རྒྱས་སྒྲུབ་པའི་དུས་སུ་ལོག་འདྲེན་གྱིས་མི་བཟོད་ནས་སྐྱེ་བོའི་ཡིད་བསྒྱུར་བ་ཡིན། དེ་ཡང་ཕྱི་རོལ་དུ་གྲུབ་པ་མེད། རང་གི་སེམས་འཁྲུལ་བ་ཡིན། དགྲ་བགེགས་ཀྱི་སྣང་བ་བྱུང་ཡང་སྙིང་རྗེ་སྒོམས་གསུངས། ཕྱིས་དེ་རྣམས་ཀྱིས་འབུལ་བ་དང་ཞབས་ཏོག་བྱེད་པ་བྱུང༌། སྤྱིར་དགྲ་ལ་ཐུགས་རྗེ་བསྐྱེད་པ་ཁོ་ནས་དབང་དུ་འདུ། ཚར་བཅད་དང་རྗེས་བཟུང་ཐམས་ཅད་སྟོང་པ་དང་སྙིང་རྗེའི་ངང་ལ་མཛད་པས། མཐོང་ཐོས་དྲན་རེག་ཐམས་ཅད་ཆོས་དང་ཟང་ཟིང་གི་བསྡུ་བ་བཞིས་སེམས་ཅན་གང་ཡང་ཡལ་བར་མི་དོར་བར་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་དོ། །དེ་ནས་སྒོམ་པ་དཀོན་མཆོག་གིས་ཡུམ་དང་སྲས་ལྕམ་གཞིས་དང་བཅས་པ་ཕུལ་ནས་ཁོ་རང་འདས། དེའི་ལུས་ལོངས་སྤྱོད་དང་བཅས་པ་སྔར་ནས་ཞབས་ཏོག་ལ་བསྔོས་པས། དེ་ལ་ཐུགས་ཉེ་བར་བརྩེ་བའི་སྒོ་ནས་བཞེས། དེ་ལ་ཐུགས་རྒྱུད་ཀྱི་ཡོན་ཏན་ཇི་ལྟར་མངའ་བ་མ་རྟོགས་པའི་སྐྱེ་བོ་ཕལ་པ་འགའ་ཞིག་ཅུང་ཟད་མ་དད་པ་ལ། བླ་མའི་ཞལ་ནས། དཔལ་ནཱ་རོ་པས་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུར་གསུངས་པས། དགག་སྒྲུབ་གང་ཡང་བྲལ་བའི་རྣལ་འབྱོར་པ་ཡིན་གསུངས་ནས། སངས་རྒྱས་སྙིང་པོ་གདོད་ནས་གནས། །ཞེས་པའི་མགུར་བཞེངས། དེ་ནས་ཞེ་གསུམ་པ་ས་གླང་༼༡༢༢༩༽ལོར། ཞོ་ཏིར་བཞུགས་ནས་ད་ལོ་རྟེན་འབྲེལ་མི་བཟང་བས་ཚོགས་འཁོར་བརྒྱ་རྩ་བརྒྱད་སྐོར་གསུང་བའི་སྐབས་སུ། ཡོན་བདག་གི་གདན་འདྲེན་རྟེན་འབྲེལ་མ་འགྲིག་པ་ལ་བརྟེན་ནས་དཔྱིད་ཟླ་ར་བའི་ཡར་ཚེས་ལ་སྐུ་ཁམས་ཅུང་མ་བདེ་ནས་སྨན་དཔྱད་དང་སྐུ་རིམ་མང་དུ་བགྱིས་ཀྱང༌། སྐུ་ཁམས་ཡར་དྭངས་བར་མ་གྱུར་ཏེ། དེའི་ཚེས་བཅུ་གཉིས་ཀྱི་སྐྱ་རེངས་དང་པོ་མ་ཤར་བའི་སྐར་མ་མགོ་དང་ཟླ་བ་འཛོམས་པའི་ཚེ། སྤྲུལ་པའི་འཇའ་ལུས་ཆོས་ཀྱི་དབྱིངས་སུ་སྐུ་ཡལ། དེ་ནས་གདུང་མཆོད་ཆེན་མོ་ལ་སློབ་མ་ཡོན་བདག་ཐམས་ཅད་འཛོམས་ནས། ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་ཉིན་པར་གདུང་ཞུགས་ལ་སྦྱངས་པ་ན། ཐུགས་དང་རིང་བསྲེལ། བདེ་མཆོག་གི་སྐུ། རྡོ་རྗེ། འཁོར་ལོ། པདྨ་སོགས་བཀྲ་ཤིས་པའི་རྟགས་མཚན་མང་དུ་བྱོན་ཏོ། །དེ་ལ་སློབ་མ་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་བྱོན་པ་ལས། གཙོ་བོར་གནས་ལ་མཚན་དུ་གསོལ་བའི་ཙ་རི་ཏ་པ་ཡིན་ནོ། །