མཐུ་ཆེན་དྲུག་པ་ཆོས་ཀྱི་བཤེས་གཉེན་གྱི་རྣམ་ཐར།

༈ མཐུ་ཆེན་ཆོས་མགོན་དྲུག་པ་ཆོས་ཀྱི་བཤེས་གཉེན་ནི། ཀྱེ་རེ་ཞེས་པའི་གདུང་རྒྱུད་དུ། རབ་བྱུང་བཅུ་གསུམ་པའི་ས་ལུག་༼༡༧༩༩༽ལོར་སྐུ་བལྟམས། རྒྱལ་དབང་འབྲུག་པ་ཆོས་ཀྱི་སྣང་བས་ངོས་འཛིན་གནང་ཞིང་སེང་གེའི་ཁྲིར་མངའ་གསོལ། རྗེ་དེ་ཉིད་ལ་གཙུག་ཕུད་ཕུལ་བས། མཚན་མི་ཕམ་མཐུ་སྟོབས་ཀུན་བཟང་ཡོན་ཏན་འབྱུང་གནས་རྡོ་རྗེ་རིན་པོ་ཆེ་ཆོས་དབྱིངས་བཟང་པོའི་སྡེ་ཞེས་གསོལ། འབྲི་ཀློག་སོགས་སློབ་གཉེར་མཐར་ཕྱིན་མཛད། དགུང་ལོ་བཅུ་གཉིས་སླར་ཡང་དགེ་ཚུལ་གྱི་སྡོམ་པ་གསན། མི་ཕམ་ཆོས་ཀྱི་བཤེས་གཉེན་ཞེས་མཚན་གནང༌། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བྱམས་ཆེན། པད་དཀར། འཛི་སྒར། ཨ་རྫོང༌། ཀླུ་མཁར། འབའ་སྦང་སྤྲུལ་སྐུ་སོགས་དང་ལྷན་ཅིག་ཏུ་ལམ་ཟབ་དང་ཚེ་དཔག་མེད་ཕྱི་ནང་གསང་སྒྲུབ་ཀྱི་དབང༌། སྒྲུབ་ཐབས་ཉེར་གཉིས། རིན་ཆེན་འབྱུང་གནས། མགོན་པོ་སོགས་ཀྱི་རྗེས་གནང༌། མི་ལའི་རྣམ་མགུར། ཞང་དང་ཀུན་མཁྱེན་བཀའ་འབུམ། དཀོན་སྤྱིའི་ལྷ་ཁྲིད་དང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཉམས་ཁྲིད་སོགས་གསན། དེ་རྗེས་ལོ་གསུམ་གྱི་བཅད་རྒྱ་ངེས་པ་ཅན་གནང༌། དགུང་ལོ་ཉེར་གཉིས་ལ་རྗེ་མདོ་ཁམས་ལྔ་པས་སྤྱན་དྲངས་ཏེ། ཁམས་ཕྱོགས་སུ་ཕེབས། རིམ་བཞིན་འཁྲུལ་ཞིག །བྱམས་མེ། ཆོས་ཕུག་དགོན་སོགས་དང༌། ནང་ཆེན་རྒྱལ་ཁབ་ཏུ་ཕེབས། འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་ལ་གྲུབ་རྒྱལ་ཚེ་དབང༌། ལམ་ཟབ་དང་མི་འཁྲུགས་དབང༌། རྗེས་གནང་ཉེར་གཉིས་བཅས་དང༌། ཆོས་སྤྱོད་ཆོ་ག །གསོལ་ཀ་སོགས་ཀྱི་ལུང༌། ཕྱག་ཆེན་གྱི་ཁྲིད་བཅས་བསྩལ། དེ་ནས་ཁམས་སྒར་ཕུན་ཚོགས་ཆོས་འཁོར་གླིང་དུ་བྱོན། དེར་ཡུན་རིང་བཞུགས་ཏེ། རྗེ་མི་ཕམ་སྒྲུབ་བརྒྱུད་ཉི་མ་ལས་ཕྱི་ནང་རིག་པའི་གནས་དང༌། མདོ་སྔགས་གསར་རྙིང་ཁྱད་པར་རང་ལུགས་དོན་བརྒྱུད་ཀྱི་དབང་ལུང་ཁྲིད་བཤད་བཀའ་བཞུགས་སོ་ཅོག་བུམ་པ་གང་བྱོའི་ཚུལ་དུ་གསན། སླར་དབུས་ཀྱི་གདན་ས་བདེ་ཆོས་སུ་ཞབས་པད་བཀོད། ཡོངས་འཛིན་ཡེ་ཤེས་གྲུབ་པ་ལས་དབང་ལུང་གདམས་པ་རྒྱ་ཆེར་གསན་ཞིང༌། ཐུགས་ཡིད་གཅིག་ཏུ་འདྲེས། གྲུབ་དབང་རང་རིག་རས་པའི་རོལ་གར་ཁུ་ནུ་བྱ་བཏང་འཇམ་དབྱངས་རྣམ་རྒྱལ་ལས། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གྱི་ཡང་སྙིང་ནཱ་རོ་ཆོས་དྲུག་གི་ཟབ་ཁྲིད་འཁྲུལ་འཁོར་དང་བཅས་པ་དང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་རྣམས་ཉམས་ཁྲིད་དུ་གསན་ཅིང༌། རྡོ་རྗེའི་ལུས་ལ་རླུང་སེམས་ཀྱི་རྟེན་འབྲེལ་གནད་དུ་བསྣུན་པས་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་རང་བྱན་ཚུད། ཁམས་ཀར་ཤོད་པའི་ལྷ་བྲིས་ལ་ཡོན་སྦྱར་ཏེ་བཞེངས་པའི་ཡི་དམ་ཞལ་ཐང་མང་པོ་སོགས་རྟེན་བཞེངས་ཀྱང་ཅི་རིགས་མཛད། དེ་ལྟར་མཛད་པ་ཕྲིན་ལས་དུས་ཐུང་ངུས་གྲུབ་སྟེ། རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་ཕྱིར་དགུང་ལོ་སུམ་ཅུར་ཕེབས་པ་ས་བྱི་༼༡༨༢༨༽ལོར་ཆོས་དབྱིངས་སུ་སྙོམས་པར་ཞུགས་པར་གྱུར་ཏོ། །