མངའ་བདག་མེེ་ཏྲི་པའི་རྣམཐར།

༈ མངའ་བདག་མཻ་ཏྲི་པ་ནི། པཎྜི་ཏ་རྒྱལ་བའི་ལྷ་སྐུ་ཚེ་འཕོས་ནས་རིང་ཞིག་ན། ཡུལ་དབུས་ཀྱི་གྲོང་ཁྱེར་གྲ་བྱི་ལར་བྲམ་ཟེའི་རིགས་སུ་འཁྲུངས། མཚན་དྷརྨ། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བས་སྒྲ་པཱ་ཎི་བྱཱ་ཀ་ར་ཎ་དང༌། མུ་སྟེགས་བྱེད་ཀྱི་གྲུབ་མཐའ་མ་ལུས་པ་ལ་མཁས་པས། མཚན་དབྱུག་གུ་གསུམ་པར་གྲགས། ཁོང་གི་ཨ་ནེ་ནཱ་རོ་པའི་ཕྱག་རྒྱ་ཡིན་པ་དེས་ཁྲིད་དེ་ནཱ་རོ་པ་དང་སྤྲད། དེར་བསྟན་པ་རྒྱན་དུ་བཙུགས་ནས་རྩོད་པས་ནཱ་རོ་པ་རྒྱལ་ཏེ། མུ་སྟེགས་ཀྱི་རྟགས་བསྒྱུར་རབ་ཏུ་བྱུང༌། དྷརྨ་བོ་དྷི་ཞེས་བཏགས། བདེ་དགྱེས་ལ་སོགས་པའི་དབང་བསྐུར། མཚན་ཉིད་དང་རྒྱུད་སྡེ་དུ་མར་བསླབས། ད་ཁྱོད་ཕྱག་རྒྱ་མ་གཅིག་སྟེན་ལ་ནགས་ཁྲོད་དུ་སྒོམས་ཤིག་གསུངས་པས། བདག་མུ་དྲའང་མི་འཚལ། ནགས་ཁྲོད་དུ་མི་སྒོམ། ཐོས་པ་ཕུལ་དུ་བྱུང་བ་ཞིག་བགྱིད་པར་ཞུ་བྱས་པས། སློབ་དཔོན་ཏྲི་ཏ་ཙིནྟ་མ་ཎི་ལ་སྦྱར། དེར་སེམས་ཙམ་ལོ་གཅིག་གསན། དེ་ནས་ཤཱནྟི་པ་མཇལ། བསྙེན་པར་རྫོགས། མཚན་མཻ་ཏྲི་གུཔྟ་ཞེས་བཏགས་ཏེ་སྡེ་སྣོད་གསུམ་སྦྱངས། དེར་མཻ་ཏྲི་པས་རབ་ཏུ་མི་གནས་པ་བཟུང༌། ཤཱནྟི་པས་རྣམ་རྫུན་པ་བཟུང་སྟེ་འབེལ་གཏམ་བྱས་པས། མཻ་ཏྲི་པ་རིག་པ་བཟང༌། རྨི་ལམ་དུ་རྗེ་བཙུན་སྒྲོལ་མ་དང་སྤྱན་རས་གཟིགས་ཀྱིས་བསྐུལ་ཏེ། ལྷོ་ཕྱོགས་སུ་རྣལ་འབྱོར་གྱི་དབང་ཕྱུག་ཤ་ཝ་རི་ཡབ་ཡུམ་མཇལ་བར་བྱོན་པས། ཨ་ཝ་དྷཱུ་ཏཱི་པ་ཞེས་མཚན་ཐོགས། དེ་ནས་ལྷོ་ནུབ་ཤྲཱི་དྷ་ནྱཱ་ཀ་ཊ་ཀར་ཕེབས་པས། དབུས་ནི་དཔལ་གྱི་རི། གཡས་གཡོན་ཡིད་ཕམ་པའི་རི་དང་སེམས་ངལ་གསོ་བའི་རི། བར་ན་ཆུ་འབབ་པ་སྨྱོ་ཆུ་དང་དུག་ཆུ་ཡོད་པ་ལ་རིང་དུ་བཙལ་བས་མ་རྙེད། རི་གསུམ་པོ་དེ་ལ་གླིང་བདུན་ཡོད་པས། རྨི་ལམ་བཏབ་པའི་གླིང༌། ཞལ་མཇལ་བའི་གླིང༌། བརྡ་བསྟན་པའི་གླིང༌། དབང་བསྐུར་བའི་གླིང་རྣམས་སུ་བྱོན་པའི་མཐར། ཆོས་བཤད་པའི་གླིང་དུ་ནམ་མཁའ་ལྟ་བུའི་རྒྱུད་རྙོག་པ་མེད་པ། རྒྱ་མཚོ་ལྟ་བུའི་རྒྱུད་གསང་བ་འདུས་པ། ཡེ་ཤེས་ལྟ་བུའི་རྒྱུད་དགྱེས་པ་རྡོ་རྗེ། བྱིན་རླབས་ལྟ་བུའི་རྒྱུད་འཁོར་ལོ་སྡོམ་པ། ལྡེ་མིག་ལྟ་བུའི་རྒྱུད་མཚན་བརྗོད། དོན་མཐར་ཐུག་སྟོན་པ་གྲུབ་སྙིང་གི་ཆོས་སྐོར་ཐམས་ཅད་ཞག་བཅུ་གཉིས་ལ་བསྩལ་བས་གཟོད་ཡིད་ཆེས། ཁྱོད་ང་ལ་ཐེ་ཚོམ་ཟོས་པས་ཚེ་འདི་ལ་མཆོག་གི་དངོས་གྲུབ་མི་ཐོབ། འཆི་ཁར་རྡོ་རྗེ་རྣལ་འབྱོར་མས་བསུས་ཏེ་བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏེ་མི་སྣང་བར་གྱུར། དེ་ནས་ལམ་དུ་ཐང་ཆད་དེ་ཉལ། གཉིད་སད་ནས་རི་ཁྲོད་པ་ལ་ཞུས་པའི་ཆོས་རྣམས་ལ་བསམ་མནོ་བཏང་བས་ཐམས་ཅད་བརྗེད་འདུག །ད་ལོག་ན་མི་ལ་ངོ་ཚ། ལྕེབ་བམ་བསམ་པ་དང༌། རི་ཁྲོད་པ་མདུན་དུ་བྱོན་ནས། མ་སྐྱེས་པ་ཡི་ཆོས་རྣམས་ལ། །བརྗེད་ཅེས་བྱ་བ་ག་ལ་སྲིད། །ཅེས་སོགས་གསུངས་པས། མཻ་ཏྲི་པ་ལ་རྟོགས་པ་ཤར། ས་དང་པོའི་ཡེ་ཤེས་སྒྲིབ་མེད་དུ་གཟིགས། ཡུལ་དབུས་སུ་ཕེབས་པའི་ཚེ་ཐམས་ཅད་ཀྱིས་མཻ་ཏྲི་པས་ཤ་ཝ་རི་མཇལ་ལོ་ཟེར་ནས་གྲགས་པ་ཆེན་པོ་བྱུང༌། དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་མ་ཏྲང་སེ་ན་ཞེས་བྱ་བ་འཁོར་ཉིས་སྟོང་དང་བཅས་པ་ཞིག་ན་རེ། ཁོ་ཤ་ཝ་རི་དང་མཇལ་ན་ངས་མི་ཐུབ། མ་མཇལ་ན་ཁོས་ང་མི་ཐུབ་པས་རྩོད་པས་ཤེས་སོ་ཟེར། མཻ་ཏྲི་པས་སྔ་རྒོལ་བྱས། ཁོས་ཕྱི་རྒོལ་བྱས། ལྟ་བ་རབ་ཏུ་མི་གནས་པ། སྒོམ་པ་ཡིད་ལ་མི་བྱེད་པ་ལ་སོགས་པའི་དམ་བཅའ་མཛད་དེ་རིགས་པ་བཀོད། ལུང་གིས་རྒྱབ་སྐྱོར་བསྟན་པས། ཁོས་མ་ཐུབ་ནས་མཻ་ཏྲི་པ་རྒྱལ་བས་རྒྱལ་བ་ཞེས་གྲགས། ཁོ་འཁོར་བཅས་རབ་ཏུ་བྱུང༌། སློབ་དཔོན་ཤཱནྟི་པས་ལྟ་བ་དང་སྒོམ་པ་དེ་ལ་སྐྱོན་བྲིས་ཀྱང་དངོས་སུ་རྩོད་མ་ནུས་པས། དེ་ཕན་ཆད་རྡོ་རྗེ་གདན་གྱི་དུས་མཆོད་ཀྱི་བདག་པོ་ཤཱནྟི་པས་མཛད་པ་ལ། དེ་ནས་རྒྱལ་པོས་མཻ་ཏྲི་པ་ལ་ཕུལ་བས། མཚན་མངའ་བདག་རྒྱལ་བ་མཻ་ཏྲི་པ་ཞེས་གྲགས་སོ། །དེ་དུས་དགེ་འདུན་གྱི་སྡེ་ཨོ་ཏནྟྲ་པཱུ་རི། ཤྲཱི་ནཱ་ལནྡཱ། རྡོ་རྗེ་གདན། བི་ཀྲ་མ་ལ་ཤཱི་ལ་བཞི་མཆོག་ཡིན་པས། གཙོ་བོར་བི་ཀྲ་མ་ལ་ཤཱི་ལ་སྟེ་རྣམ་གནོན་ངང་ཚུལ་གྱི་གཙུག་ལག་ཁང་དུ་བཞུགས་ནས། པཎྜི་ཏའི་བྱ་བ་དང་སྒྲུབ་པ་སྤེལ་མར་མཛད་ཅིང་ཡོད་པ་ལས། རེ་ཞིག་ན་དམ་ཚིག་གི་རྫས་ལ་ཆང་ཉོས་པས། དཔལ་མར་མེ་མཛད་དགེ་སྐོས་ཡིན་པས་གཟིགས་ཏེ། སྡེ་ཉམས་ཀྱི་དོགས་ནས་རྒྱལ་པོ་ལ་འཕྲིན་བརྫངས། རྒྱལ་པོས་སྐྱུག་ཏུ་བཅུག་པས། མཻ་ཏྲི་པས་དགྱེས་རྡོར་གྱི་མན་ངག་བྱས་པས་ཁོང་ཚོ་ལ་ཆང་བསྐྱུགས། ཁོང་རང་ལ་འོ་མ་བསྐྱུགས། དེར་མཻ་ཏྲི་པ་མ་རངས་པར་དགེ་འདུན་གྱི་དབུས་ནས་རྩིག་པ་ལ་ཐོགས་མེད་དུ་བྱོན། གངྒཱ་ལ་ཁྲི་སྙན་ས་ལེའི་པགས་པ་བཏིང་ནས་གཤེགས་སོ། །ཕར་འགྲམ་དུ་ཐམས་ཅད་ཀྱིས་བཞུགས་པར་གསོལ་བས། བཟོད་པ་བཞེས། བཞུགས་པར་མ་གནང༌། རྒྱ་གར་ཤར་ཕྱོགས་རི་བོ་མེ་ལྟར་འབར་བའི་དུར་ཁྲོད་དུ་དགོན་པ་བཏབ་སྟེ་བཞུགས་པའི་མཐར། འཁོར་རྣམས་ཀྱིས་ལོ་མང་པོ་བཞུགས་པར་གསོལ་བ་བཏབ་ཀྱང༌། སྡོད་པའི་དབང་ཡོད་དེ། དངོས་གྲུབ་སྒྲུབ་པའི་དུས་ལས་ཉམས་པར་འགྱུར་བས་མི་རུང་གསུངས་ནས། དགུང་ལོ་བདུན་ཅུ་རྩ་ལྔ་ལ་རྡོ་རྗེ་རྣལ་འབྱོར་མས་བསུས་ཏེ་གཤེགས་སོ། །དེ་ལ་སློབ་མ་མང་དུ་ཡོད་ཀྱང་གཙོ་བོ་ཆེ་བཞི། འབྲིང་པོ་བདུན། ཆུང་བ་བཅུ་སྟེ་ཉི་ཤུ་རྩ་གཅིག །ཀ་རོ་པ། ཕྱག་ན། མར་པ། བལ་པོ་ཤཱི་ལ་བྷ་རོ་རྣམས་ལ་ཐུགས་ཀྱི་སྲས་བཞི་ཞེས་ཀྱང་གྲགས་སོ། །དེ་ལྟར་སྟོན་པ་དང་བཀའ་བབ་བཞིའི་བརྒྱུད་ཚུལ་སོགས་ཀྱི་རྣམ་ཐར་ལ་བཞེད་པ་ཅུང་ཟད་མི་འདྲ་བ་སྣ་ཚོགས་སྣང་ཡང་ཀུན་མཁྱེན་པདྨ་དཀར་པོའི་དགོངས་པ་གཞིར་བཟུང་ནས་མདོར་བསྡུས་སུ་བཀོད་པའོ། །

འདིར་སྨྲས་པ།

འཛམ་གླིང་སྐྱེ་དགུ་ཡོངས་ཀྱི་བསོད་ནམས་མཐུས། །

མདོ་སྔགས་བསྟན་པའི་ཉིན་བྱེད་གཞོན་ནུ་ཞིག །

ཞིང་འདིའི་མགོན་དུ་བྱོན་པའི་བཀའ་དྲིན་ལས། །

གྲུབ་བརྙེས་པདྨའི་ཕྲེང་བ་ཚར་དུ་དངར། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་སྔོན་འགྲོ་བརྒྱུད་པའི་རྣམ་ཐར་སྤྱིར་བསྟན་པ་ལས། སྟོན་པ་ཐུབ་དབང་རྡོ་རྗེ་འཆང་ནས་རིམ་བཞིན་བཀའ་བབ་བཞི་ལས་བརྒྱུད་པའི་སྐབས་ཏེ་དང་པོའོ།། །།