མཁན་པོ་བསྟན་པ་རབ་རྒྱས།(༤)

༈ བླ་མའི་སྐུ་བསྟོད་མ་བཅོས་སྙིང་གི་གླུ་དབྱངས།
ན་མོ་གུ་རུ། བདེ་ཆེན་འཁོར་ལོར་བསྟི་བའི་རིགས་ཀྱི་བདག །སངས་རྒྱས་མི་ཡི་ཚུལ་བཟུང་རྗེ་བླ་མ། །དེ་རིང་ལོངས་སྤྱོད་འཁོར་ལོར་རྩེན་ནས་སུ།། ལེགས་བཤད་སྨྲ་བའི་ངག་གི་སྒོ་མོ་ཕྱེས། །ཉེན་སྤྱོད་རི་དྭགས་མཚན་མས་ཡོངས་སྟོང་ཞིང་། །སྤོང་བདུན་ཁྲིམས་ཀྱི་ཆ་ཤས་ཡོངས་རྫོགས་ནས།། གཞན་ཕན་འོད་ཟེར་དཀར་པོས་ཉེར་འཁྱུད་པའི། །བཤེས་གཉེན་ཆུ་ཤེལ་དབང་པོ་སྙིང་ནས་དྲན། །རྙོག་པའི་ཁྲིམས་ཀྱིས་ཟིན་པའི་གླང་ཆེན་འགས། །མི་ཙམ་སྐྱབས་སུ་བྱེད་པའི་ཚུལ་མཐོང་ཚེ། །རྙོག་བྲལ་ཁྲིམས་ཀྱི་རྫིང་བུར་རྩེན་པ་ཡི། །བཤེས་གཉེན་ངང་པའི་རྒྱལ་པོ་ལྷག་པར་དྲན། །སྲིད་པའི་ཕུན་ཚོགས་འཕྱོན་མའི་གར་སྟབས་ལ། །སྐྱོ་ཤས་རྣལ་མ་འབྱིན་པའི་ངེས་འབྱུང་རེས།། ཆགས་སྡང་རྨོངས་པའི་དྲི་མ་མཐར་སྤྲོད་པའི། །བཤེས་གཉེན་གྲུབ་པའི་དཔའ་བོ་སྙིང་ནས་དྲན། །ཆོས་བརྒྱད་ཆང་གིས་སྦོས་པའི་མངོན་རློམ་ཅན། །བླུན་པོ་སྐྱབས་ཀྱི་ཡུལ་དུ་འགྱིང་བའི་ཚེ། །ངེས་འབྱུང་ཆོས་ཀྱི་སྲིད་ལ་དབང་འབྱོར་བའི། །བཤེས་གཉེན་སྐྱབས་ཀྱི་དམ་པ་ལྷག་པར་དྲན། །མདོ་རྒྱུད་རྒྱ་མཚོ་འཆད་ལ་འཕགས་པ་ལྷ། །རྩོད་པའི་ཐོག་མདའ་འཕེན་ལ་ཆོས་ཀྱི་གྲགས།། རྩོམ་པའི་རྒྱལ་རྔ་རྡུང་ལ་བོད་མཁས་པ། །དངོས་སུ་བྱོན་འདྲའི་བཤེས་གཉེན་སྙིང་ནས་དྲན། །ཐོས་བསམ་སྒོམ་པའི་སྐལ་ཆད་གདོལ་བའི་བུ། །རང་དགར་བསྟན་འཛིན་གྲལ་དུ་འཚང་བའི་ཚེ། །བསྟན་པ་རྒྱ་མཚོའི་མངའ་བདག་རྗེ་བླ་མ༑ །དད་པའི་ཡིད་ཀྱི་མཁའ་ལ་ཅི་ཡང་རྩེན། །གསེར་ལྡན་དགའ་མའི་ཞིང་ཀུན་ཉུལ་ན་ཡང་། །མདོ་རྒྱུད་གཞུང་ལས་བསྟན་པའི་མཚན་ལྡན་གྱི།། བཤེས་གཉེན་ཁྱོད་འདྲ་དེང་དུས་མཐོང་དཀའ་བས། །ཁོ་བའི་དད་པའི་པདྨོ་ལྷག་པར་དགོད། །དཀར་མིན་ལས་ཀྱིས་བྲན་དུ་བཀོལ་བ་ཡི། །མི་འདོད་ཚོར་བས་མནར་བའི་མཐའ་ཀླས་འགྲོ། །མཚན་ལྡན་བཤེས་གཉེན་དམ་པས་རྗེས་བཟུང་ནས། །རྣམ་གྲོལ་བདེ་བའི་ས་ལ་ཕྱིན་པར་སྨོན། །
ཞེས་པ་འདི་ནི་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་དཔལ་ལྡན་བླ་མ་དམ་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན། ༧མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་གངས་ཅན་གྱི་སྙན་ངག་པ་ངག་དབང་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མའམ། ཤཱཀྱའི་དགེ་སློང་བསྟན་པ་རབ་རྒྱས་ནས་སྦྱར་བའོ། །ཤིན་ཏུ་བཀྲ་ཤིས།

༼མཁན་པོ་དགེ་ལེགས་དར་རྒྱས།༽

༈ བླ་མ་རྗེ་ལ་གསོལ་བ་འདེབས་པ་བྱིན་རླབས་འགུག་པའི་ལྕགས་ཀྱུ།
སྐལ་བ་བཟང་པོའི་འཇིག་རྟེན་གསལ་བའི་མིག །བདག་ཅག་མོས་ངོར་མངོན་སུམ་བལྟམས་པའི་མགོན། །ཐེག་གསུམ་ཆོས་ཚུལ་སྟོན་པའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །མཐའ་བྲལ་དབུ་མ་སྟོན་པའི་ཤིང་རྟ་ཆེ། །ཟབ་མོའི་དེ་ཉིད་འདོམས་པའི་ཞལ་གྱི་སྒོར། །སྤོབས་པ་གཅིག་ཏུ་ཆགས་པའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །དམ་པའི་ལུགས་བཟང་གེ་སར་ལས་འབྱིན་པའི། །གཞུང་དོན་གསལ་བའི་རྣམ་པར་དཔྱོད་པའི་ལམ། །དེ་ལྟ་གང་ལ་བཞུགས་པའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །རྒྱ་ཆེན་སྤྱོད་པའི་ཤིང་རྟ་ཆེན་པོ་ཡི། །གཞུང་ལུགས་མང་དུ་སྤྲོ་བའི་བློ་གྲོས་ཟེར། །དཀྱིལ་འཁོར་གཅིག་ཏུ་ཤར་བའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ཆོས་མངོན་གཞུང་གི་རྣམ་བཞག་ས་གསུམ་དུ། །འཆད་རྩོད་བརྩམས་ལ་མངའ་དབང་འབྱོར་བའི་དཔལ། །ཡེ་ཤེས་ཀློང་དུ་གསལ་བའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །བརྒྱད་ཁྲི་བཞི་སྟོང་དམ་པའི་ཆོས་ཀྱི་ཁུར། །ཕྲ་ཞིག་རིགས་པའི་ལམ་ནས་འདེགས་པའི་མགོན། །ཐུགས་བརྩེའི་དབྱིངས་སུ་ཉལ་བའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ཀུན་མཁྱེན་ལམ་བཟང་གསལ་བའི་དངོས་སྟོབས་ཀྱི། །རིགས་ཚུལ་ཟླ་མེད་སྨྲ་བའི་ཉི་མ་མཆོག །མཁྱེན་ཡངས་ཐུགས་སུ་ཤར་བའི་འདྲེན་པ་མཆོག། འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །རྣམ་དག་ཁྲིམས་ཀྱི་ཁོ་ལག་ཡོངས་རྫོགས་ཤིང་། །ཡོན་ཏན་དྲི་བསུང་འཐུལ་བའི་དཔག་བསམ་ལྗོན། །རྣམ་གྲོལ་རྟེན་དུ་མཛེས་པའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ཤཱཀྱའི་རིང་ལུགས་ཉིན་མོར་བྱེད་པའི་མགོན། །དམ་ཆོས་འདུལ་བའི་གནང་བཀག་བསླབ་བྱའི་ཟེར།། ཕན་བདེའི་དཔལ་དུ་རྫོགས་པའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །བྱིན་རླབས་བརྒྱུད་པའི་མ་དྲོས་མཚོ་ཆེན་དང་། །བཀའ་བབ་ཆུ་བོ་རྣམ་བཞིའི་རྒྱུན་བཟང་པོ། །གཅིག་ཏུ་སྡུད་ལ་བྲེལ་བའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །རྩ་བཤད་རྒྱུད་ཀྱི་དགོངས་དོན་མཐའ་དྲུག་དང་། །ཚུལ་བཞིས་བཤད་པའི་སྤོབས་པ་མཆོག་གི་མཐའ། །མཚུངས་པར་མངའ་དབང་འབྱོར་བའི་འདྲེན་པ་མཆོག །འཇམ་དཔལ་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །འདྲེན་པ་ཁྱེད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ། །ཕྱོགས་བཅུ་རྒྱལ་བ་ཀུན་དང་མི་གཉིས་པས། །བདག་རྒྱུད་བྱིན་གྱིས་རློབ་པའི་ཐུགས་རྗེའི་ཤུགས། །ད་ལྟ་ཉིད་དུ་སྩོལ་ཅིག་མགོན་གཅིག་པུ། །ཞེས་ཕྲན་ཞལ་སློབ་དགེ་ལེགས་དར་རྒྱས་ནས།

༼མཁན་པོ་རྣམ་སྲས་བསོད་ནམས།༽

༈ འཛི་སྒར་མཁན་ཆེན་དགེ་ལེགས་རྒྱ་མཚོའམ་འཇམ་དཔལ་དོན་བརྒྱུད་ཉི་མའི་རྣམ་ཐར་ལ་བསྔགས་པ་སྦྲང་བུའི་གཤོག་སྒྲ་དད་པའི་གསལ་འདེབས།
༡༽ འཇམ་དཔལ་ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས། །དོན་བརྒྱུད་བསྟན་པའི་སྙིང་པོ་ཇི་བཞིན་གཟིགས། །ལུང་རྟོགས་བསྟན་པའི་གསལ་བྱེད་ཉི་མ་ཆེ། །འཁོར་མེད་བཀའ་དྲིན་རྗེས་དྲན་དད་ཕྱག་འཚལ། ༢༽ །དལ་འབྱོར་ཕུན་སུམ་ཚོགས་པའི་འདབ་སྟོང་བཞད། །ངེས་འབྱུང་རྣམ་པར་དག་པའི་རྩ་བ་རགས། །སྙིགས་བདོ་མུན་པའི་བསྐལ་ངན་རབ་མནར་ཡང་། །ཁྲིམས་གཙང་ཉེ་བ་འཁོར་ལ་ཅོ་ཡང་འདྲི། ༣༽ །ནག་ཕྱོགས་མཐའ་དམག་རྣམས་ཀྱི་གཡོ་འཕྲུལ་གྱིས། །ངན་སྤྱོད་གདོལ་པས་ཉེས་མེད་འཚེ་དུས་དེར། །འཕགས་ཆེན་སྤྱོད་པས་རྐྱེན་ངན་གྲོགས་སུ་བསྒྱུར། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་རྗེས་སུ་སྙེགས། ༤༽ །གསང་ཆེན་རྡོ་རྗེ་ཐེག་པའི་སྙིང་པོའི་བཅུད། །ཐབས་གྲོལ་ནཱ་རོ་མཻ་ཏྲེའི་གདམས་པ་མཆོག །ཡང་དག་ལམ་བཟང་དཔལ་གྱི་བེའུར་བསྟིམས། །སྦས་པའི་ཚུལ་གྱིས་གྲུབ་པའི་གོ་སར་གཤེགས། ༥༽ །ལུང་རྟོགས་བསྟན་པའི་བདག་པོ་བཤེས་གཉེན་མཆོག །མ་ནོར་ཚུལ་བཞིན་གུས་པས་ལེགས་བསྟེན་ནས། །མདོ་སྔགས་རིག་གནས་བཅས་པ་བདུད་རྩིའི་ཐིགས། །ཐུགས་ཀྱི་བུམ་པར་ཡང་དག་ལེགས་པར་བལྟམས། ༦༽ །ཐུབ་དབང་ཐུགས་མཚོ་དཔལ་ལས་ལེགས་བྱུང་བའི། །ཟབ་རྒྱས་འོད་གསལ་བདུད་རྩིའི་རླབས་ཕྲེང་རྣམས། །ཐོས་བྱུང་བློ་གྲོས་བུམ་བཀང་ལེགས་པར་བསྐྱིལ།། བླང་དོར་རྨོངས་པའི་རྒུད་ཚོགས་གཏན་དུ་བསལ། ༧༽ །མདོ་སྔགས་རྒྱ་མཚོའི་སྙིང་པོ་མན་ངག་རྣམས། །མ་ནོར་ཇི་བཞིན་བསམ་བྱུང་མེ་ལོང་གཞིར།། མ་འདྲེས་ཕྲ་ཞིབ་འཆར་བའི་རྣམ་དཔྱོད་བློ། །སྤོབས་པའི་གཏེར་མཛོད་མངའ་བ་ཁྱོད་མིན་སུ། ༨༽ །ཕྱག་རྫོགས་དབུ་མའི་ཟབ་གནད་སྙིང་པོའི་བཅུད། །ཐབས་གྲོལ་གདམས་པའི་སྒོམ་བྱུང་ཆ་ཤས་རྫོགས། །དམ་ཚིག་རྣམ་དག་གདུལ་བྱའི་རྨོངས་མུན་སེལ། །རིམ་གཉིས་མངོན་གྱུར་ཟླ་བ་ཁྱོད་མིན་སུ། ༩༽ །སྔོན་སྨོན་ཐུགས་བསྐྱེད་གཙང་མའི་གོ་ཆ་བགོས། །ཆེར་སྙིགས་ལྔ་བདོའི་སྨག་རུམ་རབ་འཁྲིགས་ཀྱང་། །བརྫི་མེད་ཟབ་རྒྱས་སྐྱེ་ལྔའི་སྒྲ་དབྱངས་ཀྱིས། །སྐལ་ལྡན་གཉིད་ཀྱིས་མྱོས་རྣམས་སད་པར་བྱས། ༡༠༽ །སྐུ་ཡི་དཀྱིལ་འཁོར་མཐོང་བ་རབ་དང་ཞིང་། །གསུང་གི་སྒྲ་གདངས་སྙན་འཇེབས་ཆོས་སྒྲ་སྒྲོགས། །ཐུགས་ཀྱི་དགོངས་སྤྱོད་རབ་ཟབ་གཏིང་དཔགས་དཀའ། །བསྟན་འགྲོའི་དཔལ་མགོན་དམ་པ་སླར་ཡང་དྲན། ༡༡༽ །རྟག་འཛིན་ལྡོག་དང་ཆོས་ལ་བསྐུལ་བ་དང་། །ཟག་བཅས་རབ་སྤངས་ཟག་མེད་བདེ་བའི་ཕྱིར།། དགུང་གྲངས་གྱ་ལྔར་རྒྱལ་ཟླའི་ཉེར་ལྔ་ཉིན། །བདག་ཉིད་ཆེན་པོ་གློ་བུར་ཆོས་དབྱིངས་མནལ། ༡༢༽ །ཀྱེ་མ་ཀྱི་ཧུད་བདག་སོགས་ལྟོས་བཅས་རྣམས། །མགོན་མེད་ལོང་བ་ཐང་དཀྱིལ་སྙིང་རླུང་ལྡང་། །ཟག་མེད་ཆོས་སྐུའི་ཀློང་ལས་གཡོ་མེད་ཀྱང་། །གཟུགས་སྐུ་ཆུ་ཟླ་ལྟ་བུར་སླར་འཆར་གསོལ། ༡༣༽ །འོན་ཀྱང་ངོ་མཚར་སྒྱུ་མའི་རོལ་པ་འབུམ། །སྐུ་གདུང་འཕེལ་རྒྱས་གཟི་བྱིན་བཀྲག་མདངས་འབར། །ཤིན་ཏུ་གདུལ་དཀའ་རྣམས་ཀྱང་མཐོང་བའི་མོད། །དད་པས་ཡིད་གཡོས་སྡིག་སྤོང་དགེ་ལ་བྲེལ། ༡༤༽ །བདག་སོགས་སྙིགས་མར་གྱུར་པའི་གདུལ་བྱ་ལ། །བཀའ་དྲིན་སངས་རྒྱས་ལས་ལྷག་འགྲོ་བའི་མགོན། །བཀའ་དྲིན་ལན་བརྒྱར་དྲན་པས་དད་ཕྱག་བརྩེགས།། དགོངས་བརྒྱུད་རྟོགས་པས་བྱིན་རླབས་བསྩལ་དུ་གསོལ། ༡༥༽ །ཁྱེད་ལ་གསོལ་བཏབ་དགེ་རྩ་ཅི་མཆིས་དེས། །བསྐལ་ངན་རབ་བསལ་བསྐལ་བཟང་དཔལ་ལ་སྤྱོད། །ལུང་རྟོགས་བསྟན་པའི་ཉི་མ་རྟག་འཆར་ནས། །ཡིད་ཅན་ཀུན་གྱི་འདབ་སྟོང་རྒྱས་གྱུར་ཅིག །
ཅེས་པ་འདིའང་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་རྗེས། རྡོ་རྗེའི་མཆེད་པོ་སྡོམ་བརྩོན་སྡེ་སྣོད་འཛིན་པ་འཇམ་དབྱངས་ཉི་མ་དང་། ལྕི་སྤྲུལ་ཕྱག་མཛོད་ཀརྨ་ནས་འཕྲིན་བརྡའི་ལམ་ནས་བསྐུལ་བ་ལྟར། གང་གི་བཀའ་འབངསསུ་གཏོགས་པ་རྣམ་སྲས་བསོད་ནམས་སམ། ཀརྨ་དོན་བརྒྱུད་དབང་པོས། འོག་མིན་ཀརྨ་དགོན་རང་གནས་ཟླ་ནང་གླིང་ཁང་ནས། ས་གླང་ཟླ་བ་ ༤ ཚེས་ ༡༥ ལ་བྲིས་པས་བླ་མའི་བྱིན་རླབས་སློབ་མའི་རྒྱུད་ལ་འཇུག་པའི་རྒྱུར་གྱུར་ཅིག །

༼མཁན་པོ་དབང་ཆེན་སྟོབས་རྒྱལ།༽

༈ རྗེས་དྲན་དད་པའི་འོ་དོད་ཅེས་བྱ་བ།
རྒྱལ་ཀུན་ཡབ་གཅིག་འཇམ་དཔལ་རྣོན་པོ་ཉིད། །རབ་དཀར་དོན་བརྒྱུད་བསྟན་པའི་པད་ཚལ་ཆེ། །བཤད་སྒྲུབ་ཕྲིན་ལས་ཟེར་གྱིས་བསྐྱང་བའི་ཕྱིར། །སྨྲ་བའི་ཉི་མ་གཞོན་ནུར་བརྫུས་དེར་འདུད། །དགེ་ལེགས་ཚུལ་ཁྲིམས་གཙང་མའི་ས་གཞི་ལ། །གཡོ་མེད་ཏིང་འཛིན་རྒྱ་མཚོ་འཁྱིལ་བའི་དབུས། །ཤེས་རབ་གསུམ་གྱི་ནོར་བུ་ལེགས་གཏམས་པ། །མཁན་ཆེན་ཆོས་ཀྱི་རྒྱལ་པོ་ཁྱོད་ཕྱག་འཚལ། །རྨད་བྱུང་གདམས་པའི་གསུང་གི་ཟེགས་མ་རེས། །ཀུན་རྨོངས་མུན་པའི་སྲོག་རྩ་མཐར་བྱེད་ཅིང་། །ཕན་བདེ་འོད་དཀར་སྣང་བ་འབུམ་སྦྱིན་པའི། །སྐྱབས་གཅིག་མཚན་མོའི་མགོན་པོ་གང་དུ་གཤེགས། །ཉམ་ཆུང་བུ་ང་འཁོར་བའི་གྲོང་དུ་བསྐྱུར། །རྗེ་བཙུན་མཆོག་ཉིད་དག་པའི་ཞིང་དུ་ཕེབས།། བླ་སློབ་བྲལ་བའི་གདུང་བ་མེ་ལྟར་འབར། །བཀའ་དྲིན་དྲན་བཞིན་གདོང་པ་མཆི་མས་བརླན། །ཐབས་མཁས་ཟབ་མོའི་འཇུག་པ་རེ་རེས་ཀྱང་། །གདུལ་བྱ་རྒྱ་མཚོའི་མོས་བློ་དང་འཚམས་པའི། །གང་འདུལ་མཛད་པའི་ཕྲིན་ལས་མི་ཟད་པ། །སྟོན་མཛད་རྣམ་ཐར་གཙང་མའི་ཚུལ་དེ་དྲན། །བརྗོད་བྱ་དོན་གྱི་འབྲས་བུ་མ་ཟིན་པའི། །བཤད་ཡམ་ཚིག་གི་སྦུན་ལྐོག་སྟོང་པ་ལ། །སྙིང་པོ་མི་མཛད་གཞུང་བརྒྱའི་དཀའ་གནས་དག །ཉུང་ངུའི་ངག་གིས་ཇི་བཞིན་སྟོན་དེ་དྲན། །སྲིད་པའི་སྟོབས་འབྱོར་རྩྭ་མགོའི་ཟིལ་པ་ལ། །ཞེན་པ་གཏིང་ནས་ལོག་པའི་ངེས་འབྱུང་གིས། །འདོད་ཆུང་ཆོག་ཤེས་ཆོས་ཀྱི་རྩ་བ་ཞེས། །ཡང་ཡང་གདམས་པའི་ཚུལ་དེ་ངང་གིས་དྲན། །དམ་པའི་ཚུལ་དགུའི་ཡོན་ཏན་ཕུན་ཚོགས་པས། །ལྷ་བརྒྱའི་ཅོད་པན་ཞབས་ཀྱི་འབབ་སྟེགས་སུ། །འགོད་པར་འོན་ཀྱང་མི་ཆེན་ལད་མོ་དག །མི་འཛད་ཞི་དུལ་དེས་པའི་མཛད་སྤྱོད་དྲན། །རྩིང་སྤྱོད་ཐོ་ཅོའི་བྱ་བར་མི་དགྱེས་པས། །རྡོ་བཅང་ལྕགས་མདུད་གྲུབ་པའི་མཚན་མ་ཡང་། །བཟང་ངན་དབྱེ་བ་དཀའ་ཕྱིར་དེ་དག་ལ། །ཡིད་རྟོན་མེད་ཅེས་ཡང་ཡང་གསུངས་པ་དྲན། །མགོན་ཁྱོད་བསྐལ་མང་གོང་ནས་བྱང་ཆུབ་ཀྱང་། །ཐབས་མཁས་སྙིང་རྗེའི་གཞན་དབང་གྱུར་པས་ན། །གདུལ་དཀའ་སྙིགས་མའི་གདུལ་བྱ་ལ་དགོངས་ནས། །ཞིང་འདིར་སྲིད་པ་བཟུང་བའི་སྐུ་དྲིན་དྲན། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །རེ་ཞིག་གཟུགས་སྐུ་དབྱིངས་སུ་བསྡུས་ན་ཡང་། །སྒྲིབ་མེད་ཡེ་ཤེས་གཟིགས་པ་མི་ལྷོད་པས། །བརྩེ་ཆེན་ཐུགས་ཀྱིས་བདག་ལ་རྟག་ཏུ་དགོངས། །བདག་ནི་འདི་ནས་བྱང་ཆུབ་སྙིང་པོའི་བར། །མ་འོངས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །ཁྱེད་ཀྱི་ཞབས་རྡུལ་མགོ་བོའི་བ་གམ་རྩེར། །བསྙེན་ནས་གདམས་པའི་བདུད་རྩི་འཐུང་བར་ཤོག །
ཅེས་རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་རྡོ་རྗེ་འཆང་། ༧འཇམ་དཔལ་དོན་བརྒྱུད་ཉི་མ་མཆོག་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་ནས་ཞག་བརྒྱ་དང་བཅུ་ཐམ་པ་འཁོར་བའི་ཉིན་མོ། རབ་བྱུང་བཅུ་བདུན་པའི་ས་གླང་ས་ག་ཟླ་བའི་དུན་ཆེན་ཉིན། གསོལ་འདེབས་རྗེས་དྲན་གྱི་ཚུལ་དུ་མགོན་པོ་གང་གི་སློབ་འབངས་སུ་གཏོགས་པ་དབང་ཆེན་སྟོབས་རྒྱལ་ནས་སོ།།
ཡང་། འཁོར་བ་མཐའ་དག་སྡུག་བསྔལ་ཡོ་ལང་དུ། །མཐོང་ནས་བཅོས་མིན་ངེས་པར་འབྱུང་བའི་བློས། །སྐྱོན་མེད་ཚུལ་ཁྲིམས་གཙང་མའི་རྒྱན་འཆང་བས། །ཉེ་བ་འཁོར་དང་རྣམ་དབྱེར་མེད་དེར་འདུད། །ཁམས་གསུམ་འགྲོ་ཀུན་དྲིན་ཆེན་ཕ་མ་རུ། །ཤེས་ནས་བཟོད་མེད་སྙིང་རྗེ་དང་འགྲོགས་པའི། །རིན་ཆེན་བྱང་ཆུབ་སེམས་ལ་དབང་འབྱོར་བས། །ཞི་བ་ལྷ་དང་ཀུན་ནས་མཚུངས་དེར་འདུད། །འཁོར་འདས་མ་ལུས་དག་མཉམ་ཆེན་པོ་རུ། །་གཟིགས་ནས་བདེ་ཆེན་གཅིག་ཏུ་སྡོམ་མཛད་པ། །རིམ་གཉིས་ལམ་གྱི་གནད་གསང་མངོན་གྱུར་པས། །ཏིལ་རྡུང་ཞབས་དང་གཉིས་པ་མིན་དེར་འདུད། །ཐོས་བསམ་སྒོམ་པའི་བྱ་བ་མཐར་ཕྱིན་ནས། །འཆད་རྩོད་རྩོམ་པའི་ཕྲིན་ལས་ཕྱོགས་བརྒྱར་རྒྱས། །མཁྱེན་བརྩེ་ནུས་པའི་ཡོན་ཏན་རྒྱ་མཚོའི་གཏེར། །རྗེ་བཙུན་བླ་མར་སྙིང་ནས་གསོལ་བ་འདེབས། །ཇི་སྲིད་འདི་ནས་བྱང་ཆུབ་སྙིང་པོའི་བར། །ཚེ་རབས་ཀུན་ཏུ་ཁྱོད་ཞབས་པདྨོའི་དྲུང་། །ཟབ་རྒྱས་གདམས་པའི་བཅུད་ལ་ལོངས་སྤྱོད་ཅིང་། །དགྱེས་བཞིན་རྗེས་སུ་འཛིན་པ་ཉིད་གྱུར་ཅིག །ཅེས་དཔལ་ལྡན་བླ་མ་དམ་པ་མཁན་རིན་པོ་ཆེ་དགེ་ལེགས་རྒྱ་མཚོ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་འདིའང་། སྤྱི་ལོ་ ༢༠༡༣ ལོའི་སྤྱི་ཟླ་ ༡༡ ཚེས་ ༢༨ ཉིན་གུས་སློབ་དབང་ཆེན་སྟོབས་རྒྱལ་ནས་བྲིས་པའོ།། །།

༼མཁན་པོ་སྐལ་བཟང་རྡོ་རྗེའམ་འཇིགས་མེད་དབང་པོ།༽

༈ རྗེས་སྨོན་དཔྱིད་ཀྱི་མགྲིན་གླུ།
ན་མོ་གུ་རུ། དེ་ཡང་རིགས་ཐམས་ཅད་ཀྱི་གཙོ་བོ། དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག །རྗེ་བཙུན་མཚུངས་པ་མེད་པར་མེད་པ་དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་། སྐྱབས་སུ་མཆིའོ། །བདག་སོགས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེས་ནས། སྐྱེས་བུ་མཆོག་གི་སྤྱོད་པས་ས་ལམ་གྱི་རྟོགས་པ་མཐར་ཕྱིན་པའི་བྱང་ཆུབ་བརྙེས་ཏེ་ཕྲིན་ལས་ནམ་མཁའ་དང་མཉམ་པར་གྱུར་ཅིག་ཅེས་པའི་གསོལ་འདེབས་དང་སྦྲགས་ཏེ། མཆོག་ཏུ་ཞི་བར་གཤེགས་པའི་བདག་ཅག་གི་འདྲེན་པ་བླ་ན་མེད་པ། ༧དོན་གྱི་སླད་དུ་མཚན་ནས་སྨོས་ན། མཁས་གྲུབ་བྱེ་བའི་གཙུག་རྒྱན། དོན་བརྒྱུད་བསྟན་པའི་གསལ་བྱེད་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་རྗེས་སུ་དྲན་པའི་ཚིགས་སུ་བཅད་པ་ནི།
རྣམ་དཀར་ཚོགས་གཉིས་ཁ་བའི་རྡུལ་བརྩེགས་སྐུ་གསུམ་གངས་ཀྱི་རི། །ཡན་ལག་དྲུག་ཅུའི་གསུང་དབྱངས་མ་དྲོས་ཆོས་ཀྱི་མཚོ་ཆེན་འཁྱིལ། །མཁྱེན་པའི་འོད་དཀར་འཁོར་འདས་ཆོས་ཚུལ་རྟོགས་པའི་སྣང་བ་རྒྱས། །བླ་མ་མཆོག་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཆ་ཀུན་རྗེས་སུ་དྲན།།
ཚོགས་གཉིས་ནོར་འཛིན་སྒེག་མོའི་ལྟེ་བ་རུ། །མཚན་དཔེ་གུར་གུམ་གསར་པའི་ལང་ཚོ་ཞིག །འདབ་ལྡན་རྐང་དྲུང་འདྲེན་བྱེད་དཔལ་དུ་སྨིན། །བཙུན་པའི་འདབ་རྒྱས་བླ་མའི་སྐུ་ལ་འདུད། །ཆོས་སྒོ་བརྒྱད་ཁྲི་ཆུ་གཏེར་ཟབ་མོ་ལས། །སྐྱེས་སྦྱོང་ཤེས་རབ་མཆོག་གི་དེད་དཔོན་གྱིས། །དགོངས་དོན་ངེས་ལེགས་སྟེར་བའི་ནོར་བུ་ཞིག །འགྲོ་ལ་སྦྱིན་མཁན་བླ་མའི་གསུང་ལ་འདུད། །ལྟ་བ་ཕྱག་ཆེན་འཆི་མེད་རྫིང་རིང་ངོས། །སྒོམ་པ་ནཱ་རོའི་ཆོས་དྲུག་རྒྱུ་སྐར་བཀྲ། །ལྟ་སྒོམ་ཟུང་འཇུག་མཁྱེན་པའི་དཀྱིལ་འཁོར་རྫོགས། །དྲན་གྲོལ་རྗེ་བཙུན་བླ་མའི་ཐུགས་ལ་བདུད།།
མང་ཐོས་ཆོས་ནོར་རེ་ཡིས་ཐོས་ཆུང་ནོར་གྱི་སྤོབས་པ་འཕྲོགས། །བསམ་པའི་རྣམ་དཔྱོད་རེ་ཡིས་བློ་ལྡན་ཕལ་གྱི་ཁེངས་པ་བསྟུངས། །སྒོམ་པའི་ཉམས་རྟོགས་རེ་ཡིས་རྟོག་གེའི་རིགས་ལམ་མགོ་བོ་བཅོམ། །མགོན་པོ་ཁྱེད་ཀྱི་དྲིན་ལས་བདག་ཀྱང་ཐོས་བསམ་སྒོམ་པ་མཐར་ཕྱིན་ཤོག །འཆད་པའི་ཆོས་སྦྱིན་རེ་ཡིས་དཀའ་བའི་གནད་ཀུན་ཇི་བཞིན་བཀྲལ། །རྩོད་པའི་གསུང་གསང་རེ་ཡིས་རྒྱལ་བའི་དགོངས་དོན་གཏན་ལ་ཕབ། །རྩོམ་པའི་སྤོབས་པ་རེ་ཡིས་ཚིག་དོན་འབྲེལ་ཆགས་སྡེབ་ལེགས་པ། །རྗེ་བཙུན་ཁྱེད་བཞིན་བདག་ཀྱང་འཆད་རྩོད་རྩོམ་ལ་དབང་འབྱོར་ཤོག །མཁྱེན་པའི་དཀྱིལ་འཁོར་རེ་ཡིས་ཤེས་བྱའི་ཆོས་ལ་སྣང་བ་རྒྱས། །བརྩེ་བའི་ཐུགས་རྗེ་རེ་ཡིས་ཉམས་ཐག་འགྲོ་བ་རྗེས་སུ་བཟུང་། །ནུས་པའི་ཕྲིན་ལས་རེ་ཡིས་ལྷ་འདྲེ་མི་གསུམ་དབང་སྡུད་པའི། །བཤེས་གཉེན་ཁྱེད་བཞིན་བདག་ཀྱང་མཁྱེན་བརྩེ་ནུས་པའི་མཐུ་ལྡན་ཤོག །མཁས་པའི་གསུང་སྒྲོས་རེ་ཡིས་བླང་དོར་གནས་ལ་སྣང་བ་སྦྱིན། །བཙུན་པའི་བརྗིད་ཉམས་རེ་ཡིས་གདུལ་བྱའི་རྒྱུད་ལ་དང་བ་འདྲེན། །བཟང་པོའི་མཛད་སྤྱོད་རེ་ཡིས་ལུང་རྟོགས་བསྟན་པ་སྤེལ་མཛད་པའི། །བླ་མ་ཁྱེད་བཞིན་བདག་ཀྱང་མཁས་བཙུན་བཟང་པོའི་དཔལ་ཐོབ་ཤོག །བསླབ་གསུམ་རྣམ་དག་རེ་ཡིས་སངས་རྒྱས་བསྟན་པའི་མིག་རྒྱུན་གྱུར། །འབྲི་མཆོད་སྦྱིན་སོགས་རེ་ཡིས་ཆོས་སྤྱོད་བཅུ་ཡི་ཉམས་ལེན་རྫོགས། །གདམས་ངག་དོན་པོ་རེ་ཡིས་སྐལ་ལྡན་བྱང་ཆེན་སར་བཞག་པའི། །ཁྱེད་བཞིན་བདག་ཀྱང་བསླབ་གསུམ་ཆོས་སྤྱོད་གདམས་ངག་ཀུན་ལྡན་ཤོག །ཐུགས་བསྐྱེད་བཙན་པོ་རེ་ཡིས་སློབ་མ་མཁས་པའི་ཁྱུ་ཆེན་བརྡལ། །བསླབ་བྱའི་སྙིང་གཏམ་རེ་ཡིས་ལྟོས་བཅས་བཤད་སྒྲུབ་གནས་ལ་བཀོད། །གསུང་གི་བཀོད་པ་རེ་ཡིས་ལུས་ཅན་ཉེས་ལས་རབ་ཟློོག་པའི། །འདྲེན་པ་ཁྱེད་བཞིན་བདག་ཀྱང་ཐབས་མཁས་སྤྱོད་པས་གནས་གྱུར་ཅིག །ལུགས་གཉིས་འབེལ་གཏམ་རེ་ཡིས་ཆོས་སྲིད་སྐྱོན་ཡོན་ཤེས་པར་བྱས། །ཞེན་མེད་སྣང་ཚུལ་རེ་ཡིས་གདུལ་བྱའི་ཞེན་པའི་འཆིང་ཐག་བཀྲོལ། །མཆོད་པའི་སྤྲིན་ཕུང་རེ་ཡིས་གཞན་སྣང་དགེ་ལ་ལེགས་བསྐུལ་བའི། །དཔལ་མགོན་ཁྱེད་བཞིན་བདག་ཀྱང་འགྲོ་བའི་དོན་ལ་འཇུག་ནུས་ཤོག །བཞེངས་པའི་ཕྱག་རྗེས་རེ་ཡིས་དད་ལྡན་དང་བའི་རྒྱན་དུ་བྱས། །རྒྱུ་འབྲས་བླང་དོར་རེ་ཡིས་ཁྱེད་ཉིད་བདེན་པའི་དཔང་པོར་གྱུར། །རྙེད་བཀུར་ཞེན་མེད་རེ་ཡིས་འཁོར་གྱི་ཚོགས་ཀུན་ལེགས་སྐྱོང་བའི། །དྲིན་ཅན་ཁྱེད་བཞིན་བདག་ཀྱང་ཚོགས་གསོག་རྒྱུ་འབྲས་བསྲུང་ནུས་ཤོག །མི་རྟག་དྲན་བསྐུལ་རེ་ཡིས་མགོན་ཁྱོད་ཞི་བའི་དབྱིངས་སུ་གཤེགས། །མཆོད་པའི་ལྷ་ཚོགས་རེ་ཡིས་འོད་ལྔའི་ཀློང་ནས་མཆོད་པས་མཆོད། །ངོ་མཚར་ཁྱད་འཕགས་རེ་ཡིས་ཐུགས་ལྗགས་རིང་བསྲེལ་བཞག་མཛད་པའི། །སློབ་དཔོན་ཁྱེད་བཞིན་བདག་ཀྱང་མཆོག་གི་མཛད་པ་སྟོན་ནུས་ཤོག །དགེ་རྩ་ཁས་ལེན་རེ་ཡིས་ཡུལ་ཁམས་ཆོས་ཀྱི་འོད་སྣང་སྤྲོས། །གུས་པའི་གསོལ་འདེབས་རེ་ཡིས་མཆོག་གི་དངོས་གྲུབ་སྟེར་མཛད་པའི། །མགོན་ཁྱེ་བདེ་ལྡན་ལ་སོགས་ཞིང་ཁམས་གང་ན་བཞུགས་ལགས་ཀྱང་། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེས་ཏེ་མངོན་སངས་རྒྱས་གྱུར་ཅིག །
ཞེས་མགོན་པོ་གང་གི་ཕྲིན་ལས་ཀྱི་འོད་དཀར་འཕྲོ་བའི་བསྟི་གནས་འཛི་དགོན་བཤད་གྲྭ་ལུང་རིགས་སྨྲ་བའི་དགའ་ཚལ་དུ། རྗེ་ཉིད་ཀྱི་ཆོས་ཀྱི་བཤད་རྒྱུན་ཟབ་མོ་འཆང་བའི་གྲལ་དུ་གནས་པའི་མཁན་མིང་འཛིན་པོ་གྱི་ན་བ་སྐལ་བཟང་རྡོ་རྗེར་འབོད་པས། དཔལ་ལྡན་བླ་མ་མཆོག་ཉིད་ཞིང་གཞན་དུ་གཤེགས་ནས་འཁོར་གྱི་སློབ་ཚོགས་ཀུན་ཀྱང་མགོན་མེད་ཀྱི་དྭ་ཕྲུག་ཏུ་གྱུར་པ་ལ་ཡིད་གདུང་བས་མནར་བཞིན་ཡོན་ཏན་རྗེས་དྲན་དུ་བྲིས་པའི་དགེ་བས། དཔལ་མགོན་བླ་མས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། །།

༼མཁན་པོ་འཇམ་དབྱངས་ཉི་མ།༽

༈ མཛད་རྣམ་རྗེས་དྲན་མེ་ཏོག་ཆུན་པོ།
སྔོན་གོམས་ཚོགས་གཉིས་རྒྱ་མཚོ་བསྲུབས་པ་ལས། །ལེགས་འཁྲུངས་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །ཡེ་ནས་འཇམ་པའི་དཔལ་དང་དབྱེར་མེད་ཀྱང་། །ཆེར་སྙིགས་འགྲོ་བའི་མཁའ་ལ་འཆར་འདི་རྨད། །ཁྱེད་ནི་ཡེ་ཤེས་ལྔ་ཡི་སྐུ་ཅན་ལ། །སྲིད་པའི་མངལ་གྱི་དྲི་མས་མི་གོས་ཀྱང་། །རིགས་རུས་ཕུན་སུམ་ཚོགས་ལས་སྐུ་བལྟམས་ཏེ། །ཞིང་འདིའི་འགྲོ་དོན་མཛད་པ་རྗེས་སུ་དྲན། །འཁོར་འདས་དབྱེར་མེད་རྟོགས་པའི་རྣལ་འབྱོར་པ། །གྲུབ་དབང་དཔག་བསམ་རྒྱ་མཚོའི་ཐུགས་མཚོ་ནས། །ཐབས་གྲོལ་ལམ་གྱི་གདམས་ཟབ་ཡིད་བཞིན་ནོར། །མ་ནོར་ཇི་བཞིན་ལོན་པ་རྗེས་སུ་དྲན། །སླར་ཡང་ཕྱོགས་ཀྱི་ཐ་གྲུ་ཡངས་པ་ནས། །བཤེས་གཉེན་མ་མ་མཆོག་རྣམས་ཉེར་བསྟེན་ཏེ། །ཤེས་རབ་གསུམ་གྱི་ལུས་ཟུངས་རབ་རྒྱས་ཤིང་། །བསྟན་པའི་བདག་པོར་གྱུར་པ་རྗེས་སུ་དྲན། །དུས་འགྱུར་རྡུལ་རླུང་འཚུབ་པའི་མུན་ཁྲོད་ཀྱི། །བསྙོན་འདེབས་གཡོ་ཅན་རྣམས་ཀྱི་ངན་སྤྱོད་ཀྱང་། །བཟོད་པའི་གོ་ཆ་བཙན་པོའི་ཉི་མ་ཡིས། །དམ་ཆོས་སྣང་བ་བསྒྱུར་དེ་རྗེས་སུ་དྲན། །ལས་འབྲས་བསླུ་བ་མེད་པའི་བདེན་པ་ཡིས། །དམ་པའི་ཆོས་ཀྱི་སྐྱ་རེངས་འཆར་བའི་ཚེ། །དོན་བརྒྱུད་བསྟན་པའི་ཉི་མ་ཁྱེད་ཉིད་ཀྱིས། །བདག་སོགས་བློ་ཡི་པདྨོ་འབྱེད་པ་དྲན། །དྭགས་བརྒྱུད་བསྟན་པའི་གདམས་ཟབ་རྣམ་གསུམ་པོ། །ཚུལ་བཞིན་འཆད་ལ་མཁས་རྣམས་ཞུམ་པའི་དུས། །ཤེས་རབ་གསུམ་གྱི་སྣང་བ་ཆེན་པོ་ཡིས། །ཇི་བཞིན་གསལ་བར་བྱེད་པ་རྗེས་སུ་དྲན། །ཁྱེད་ནི་ཉེར་ཞིའི་དབྱིངས་སུ་གཤེགས་གྱུར་ཀྱང་། །བདག་སོགས་རྗེས་འཇུག་བུ་སློབ་དད་པའི་རྟེན། །ཐུགས་ལྗགས་རིང་བསྲེལ་འཁྲུལ་མེད་བྱོན་པ་ཡི། །དགོས་འདོད་ཀུན་འབྱུང་བླ་མ་རྗེས་སུ་དྲན། །ཐུགས་ལྗགས་རིང་བསྲེལ་འཁྲུལ་མེད་བྱོན་པ་ཡི། །དགོས་འདོད་ཀུན་འབྱུང་བླ་མ་རྗེས་སུ་དྲན། །བདེ་ལྡན་མངོན་དགའ་ལ་སོགས་དག་པའི་ཞིང་། །དཔལ་ལྡན་བླ་མ་ཁྱེད་ཉིད་གང་བཞུགས་ཀྱང་། །བདག་སོགས་མཐའ་ཡས་འགྲོ་བའི་སེམས་ཅན་རྣམས། །འཁོར་གྱི་ཐོག་མར་སྐྱེ་བའི་རྒྱུ་རུ་སྨོན། །
ཞེས་པ་འདི་ནི་དཔལ་ལྡན་བླ་མ་དམ་པ་གང་གི་ཞལ་གྱི་བུམ་བཟང་ལས་དམ་པའི་ཆོས་ཀྱི་བདུད་རྩི་ཅི་དགར་མྱོང་ཡང་དྲེད་པོར་གྱུར་པའི་སློབ་འབངས་འཇམ་དབྱངས་པས་བྲིས་པའོ།། །།

༼མཁན་པོ་དངོས་གྲུབ་ཕུན་ཚོགས།༽

༈ རྗེས་དྲན་ཨུཏྤལ་དཀར་པོའི་དོ་ཤལ།
ཨོཾ་སྭ་སྟི། བསླབ་གསུམ་བདུད་རྩིའི་བཅུད་ཀྱིས་རབ་གང་བར། །འཆད་རྩོད་རྩོམ་གསུམ་དཔག་བསམ་ལྗོན་པ་རྒྱས། །ལུང་དང་རྟོགས་པའི་འབྲས་བུ་རབ་སྨིན་པའི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །སྔོན་ཚེ་མར་མི་དྭགས་དང་ཕག་གྲུ་སོགས། །དབྱེར་མེད་སྒྲུབ་བརྒྱུད་གསེར་རིའི་ཕྲེང་བ་ཡི། །དོན་གྱི་བསྟན་པ་མ་ལུས་གསལ་མཛད་པའི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ཆོས་སྐུ་གཡོ་མེད་རང་བཞིན་མཁའ་ལྟར་དག། ལོངས་སྐུ་འགགས་མེད་ཆུ་འཛིན་དཔུང་རྐང་འཁྲིགས། །སྤྲུལ་སྐུ་བྱིན་རླབས་ཆར་རྒྱུན་འབེབ་མཛད་པའི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་འགྲོ་བའི་མགོན། །ལུང་གི་མཛོད་འཆང་བཤད་པའི་རྒྱལ་མཚན་བསྒྲེངས། །གཞན་ཕན་བྱང་ཆུབ་སེམས་ཀྱི་ཁུར་ལྕི་བའི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །སྐྱབས་གནས་ཀུན་འདུས་འགྲོ་བའི་གཉེན་གཅིག་པུ། །མི་འབྲལ་སྤྱི་བོའི་གཙུག་གི་རྒྱན་བཞིན་དུ། །རྟག་ཏུ་བསྙེན་ཅིང་མཆོད་པའི་བུ་སློབ་ལ། །དམིགས་མེད་བརྩེ་བའི་ཐུགས་ཀྱིས་གཟིགས་སུ་གསོལ། །རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །ས་ཕོ་བྱི་བ་རྒྱལ་ཟླའི་ཉེར་ལྔ་ལ། །དགོངས་པ་ཆོས་སྐུའི་ངང་དུ་གཤེགས་མཛད་པའི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ས་མོ་གླང་ལོ་དབོ་ཟླའི་བཅོ་ལྔ་ཉིན། །དགུང་ཞག་ཚང་རྗེས་སྐུ་གདུང་གདན་འདྲེན་སྐབས། །འཇའ་འོད་སྣ་ལྔའི་གུར་ཁྱིམ་འཁྲིགས་པ་ཡི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །དད་ལྡན་རྣམས་ལ་བརྩེ་བ་ཆེན་པོ་ཡིས། །ཐུགས་ལྗགས་བཞག་ཅིང་ཁྱད་པར་རིང་བསྲེལ་ནི། །ཁ་དོག་སྣ་ལྔ་གྲངས་ལས་བརྒལ་བ་ཡི། །མཁན་ཆེན་དོན་བརྒྱུད་ཉི་མར་གསོལ་བ་འདེབས། །ལ་ལ་སྒྱུ་མའི་ནོར་གྱིས་དབང་མེད་བྲེལ། །ནོར་མེད་དལ་བར་གནས་པ་ཁྱེད་མིན་སུ། །ལ་ལ་རྟ་ནོར་ལུག་གི་འབྱོར་བས་ཕྱུག །འཕགས་པའི་ནོར་གྱིས་ཕྱུག་པ་ཁྱེད་མིན་སུ། །ལ་ལ་བསྟོད་བསྐུར་དབང་གིས་རྣམ་པར་གཡེང་། །ཡེངས་མེད་མཉམ་པར་བཞག་པ་ཁྱེད་མིན་སུ། །ལ་ལ་ཚིག་འཁྲིའི་བརྒལ་བས་མི་ཚེ་འདའ། །ཚེ་གཅིག་མངོན་སངས་རྒྱས་པ་ཁྱེད་མིན་སུ། །ལ་ལ་ཚེ་འདིར་ཉི་ཚེའི་འདུན་མ་གཅེས། །འདིར་སྣང་སྒྱུ་མར་སྣང་བ་ཁྱེད་མིན་སུ། །ལ་ལ་ཡོན་ཏན་བ་དན་བཞིན་དུ་འཕྱར། །སྦས་པའི་རྣལ་འབྱོར་མཛད་པ་ཁྱེད་མིན་སུ། །ལ་ལ་འགྲོ་དོན་གྲོང་ཆོག་ཁོ་ནར་བྱེད། །ལྐོག་ཏུ་སྨོན་པས་འགྲོ་དོན་ཁྱེད་མིན་སུ། །ལ་ལ་ཚིག་གི་བཤད་ཡམ་སྒོ་ནས་འཆད། །ཚིག་ཉུང་གནད་སྨིན་འཆད་པ་ཁྱེད་མིན་སུ། །ལ་ལ་ལྟ་བ་དབུ་མ་རང་རྒྱུད་ཙམ། །ཐལ་འགྱུར་ཀླུ་ཡི་དགོངས་པ་ཁྱེད་མིན་སུ། །ལ་ལ་སྒོམ་པ་ཞི་གནས་ཤས་ཆེར་སྤྱོད། །ཐལ་འགྱུར་ཀླུ་ཡི་དགོངས་པ་ཁྱེད་མིན་སུ། །ལ་ལ་སྒོམ་པ་ཞི་གནས་ཤས་ཆེར་སྤྱོད། །ཆོས་དྲུག་མཐར་ཕྱིན་སྒོམ་པ་ཁྱེད་མིན་སུ། །ལ་ལ་འབྲས་བུ་ཞི་བའི་དབྱིངས་སུ་གཤེགས། །དོན་གཉིས་མཐར་དུ་ཕྱིན་པ་ཁྱེད་མིན་སུ། །ཐར་བའི་ལམ་བཟང་སྟོན་མཛད་ཆོས་ཀྱི་རྗེ། །འདི་ཕྱིའི་དོན་ཀུན་སྩོལ་བའི་དྲིན་པོ་ཆེ། །ཡིད་བཞིན་ནོར་བུ་རང་ལ་མ་དབང་ནས། །མི་མངོན་ཆུ་གཏེར་ཀློང་དུ་ནུབ་ནས་ཐལ། །འཆི་མེད་ལམ་ནས་འོད་དཀར་མཐོང་བའི་ཚེ། །དྲིན་ཆེན་བླ་མའི་ཞལ་རས་དྲན་ནི་བྱུང་། །རྡུལ་མང་བརྩེགས་པའི་ལྷུན་པོ་མཐོང་བའི་ཚེ། །ཕ་གཅིག་བླ་མའི་གཟུགས་སྐུ་དྲན་ནི་བྱུང་། །སྤྲིན་ལས་ཆར་རྒྱུན་ཕྱོགས་མེད་འབེབས་པའི་ཚེ། །སྐྱབས་གཅིག་བླ་མའི་བྱིན་རླབས་དྲན་ནི་བྱུང་། །སྐར་ཚོགས་དབུས་ན་ཆུ་ཤེལ་མཐོང་བའི་ཚེ། །དཔོན་སློབ་མཉམ་འཛོམས་སྤྲོ་དགའ་དྲན་ནི་བྱུང་། །ཆུ་འཛིན་ཀློང་ནས་དབྱར་རྔའི་སྒྲ་སྒྲོགས་ཚེ།། དྲིན་ཅན་བླ་མའི་གསུང་དབྱངས་དྲན་ནི་བྱུང་། །དྲན་ཐེངས་རེ་ལ་མིག་ཆུའི་ཕྲེང་ཐག་ནི། །དབང་མེད་ས་ལ་ལྷུང་བའི་སློབ་བུ་བདག །འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར། །མགོན་པོ་ཁྱེད་དང་ནམ་ཡང་མི་འབྲལ་ཤོག །
ཅེས་གསོལ་འདེབས་རྗེས་དྲན་སྦྲགས་མ་འདི་ནི། དཔལ་མགོན་བླ་མ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་སྐབས་མགོན་པོ་གང་གི་སློབ་བུའི་ཡང་ཐ་རང་དགོན་གྱི་བཤད་གྲྭའི་མཁས་མིང་ཙམ་འཛིན་པ་དངོས་གྲུབ་ཕུན་ཚོགས་སམ། མིང་གཞན་དགེ་ལེགས་བཟང་པོ་དེས་སྦྱར་བའོ།། །།

༼མཁན་པོ་བསོད་ནམས་བཀྲ་ཤིས།༽

༈ རྙེད་དང་བཀུར་སྟིའི་དབང་དུ་མ་སོང་ཞིང་། །ཟང་ཟིང་འདུ་འཛིའི་ཁྲོད་དུ་མ་གཡེངས་པར། །ཕན་དང་བདེ་བའི་ལམ་བཟང་མཐར་ཕྱིན་པའི། །བདག་གི་བླ་མ་རྫོགས་པའི་སངས་རྒྱས་འདུད། །རྨོངས་རྟུལ་བདག་ཉིད་ཐོག་མར་ཆོས་སྒོར་བཅུག །བར་དུ་ཕྱི་ནང་ལྟ་གྲུབ་རྣམ་དབྱེ་དང་། །མཐའ་མར་བསླབ་བྱ་གསལ་པོར་བསྟན་པའི་ཚུལ། །བསམ་བཞིན་ཕ་གཅིག་བླ་མའི་བཀའ་དྲིན་དྲན། །མཐའ་མེད་ཁམས་གསུམ་འཁོར་བའི་གྲོང་ཁྱེར་དུ། །བར་མེད་རྣམ་གཡེང་དབང་དུ་འཁྱམས་པའི་སྐབས། །རིམ་བཞིན་ཐར་པའི་ལམ་དུ་ཁྲིད་མཛད་པའི། །འགྲོ་བའི་དེད་དཔོན་བཀའ་དྲིན་སླར་ཡང་དྲན། །འབྲེལ་མེད་མུ་ཅོར་སྨྲ་བའི་གྲོང་ཁྲོད་དུ། །དོན་མེད་ཁྱི་རྒན་བཞིན་དུ་འཁྱམས་པའི་སྐབས། །བརྩེ་བས་རྗེས་བཟུང་ཡང་དག་ལྟ་སྒོམ་གནད། །དགྱེས་བཞིན་ལྷུག་པར་བསྩལ་པའི་བཀའ་དྲིན་དྲན། །གཞི་ལ་ཡོད་པའི་བདེ་གཤེགས་སྙིང་པོ་དེ། །ལམ་ཁྱེར་བླ་མའི་གདམས་པས་ངོ་སྤྲད་པས། །འབྲས་བུ་རང་སེམས་དབྱེར་མེད་གོ་བ་རྙེད། །བཀའ་དྲིན་དྲན་ནོ་དགོངས་བརྒྱུད་བྱིན་རླབས་སྩོལ། །གཞི་ལམ་འབྲས་བུའི་རྣམ་བཞག་ཟབ་མོ་དང་། །ལྟ་སྒོམ་སྤྱོད་པའི་གོལ་ས་ཤོར་ས་སོགས། །མ་ནོར་ཇི་བཞིན་ལེགས་པར་འདོམས་མཛད་པའི། །བཀའ་དྲིན་དྲན་ནོ་བརྩེ་བའི་ཐུགས་ཀྱིས་གཟིགས། །སྙིང་དབུས་འདབ་རྒྱས་གེ་སར་ལྟེ་བ་རུ། །ཉིན་མཚན་འབྲལ་མེད་འདྲེན་མཆོག་ཁྱེད་སྒོམ་པས། །མཁྱེན་བརྩེ་ནུས་པའི་བྱིན་རླབས་བདུད་རྩི་ཡིས། །བདག་རྒྱུད་ཡོངས་སུ་འགེངས་པར་མཛད་དུ་གསོལ། །
དངོས་གྲུབ་ཐམས་ཅད་ཀྱི་འབྱུང་གནས། །རྒྱལ་ཀུན་འདུས་པ་ཡི་སྤྱི་གཟུགས། །དཔལ་ལྡན་བླ་མ་ཁྱེད་མཁྱེན་ནོ། །སྙིང་ཁུང་རུས་པ་ཡི་གཏིང་ནས། །གསོལ་བ་ཁྱེད་རང་ལ་འདེབས་པས། །འབད་མེད་མཆོག་ཐུན་གྱི་དངོས་གྲུབ། །ད་ལྟ་ཉིད་དུ་ནི་སྩོལ་མཛོད། །
ཅེས་ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༧སྐྱབས་རྗེ་མཁས་དབང་དོན་བརྒྱུད་ཉི་མ་རིན་པོ་ཆེ་མཆོག་གི་བཀའ་དྲིན་སྙིང་དབུས་ནས་དྲན་ཞིང་འདྲེན་བྱེད་ཟུང་ནས་མཆི་མའི་ཐིགས་ཕྲེང་གཡོ་བཞིན་ས་མོ་གླང་གི་ལོའི་ས་ཟླའི་ཚེས་ ༡༠ ཉིན་སྤྲང་བན་མཐའ་འཁྱམ་པ་བསོད་ནམས་བཀྲ་ཤིས་ནས་བྲིས་པ་དགེའོ།། །།

༼མཁན་པོ་འཆི་མེད་སྟོབས་རྒྱལ།༽

༈ ཆོས་སྐུ་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ལོངས་སྐུ་ལོངས་སྤྱོད་ཐེག་ཆེན་ཆོས་ལ་རྫོགས། །སྤྲུལ་སྐུ་སྤྲུལ་པས་མཁའ་མཉམ་འགྲོ་ལ་ཁྱབ། །སྐུ་གསུམ་སྐུ་ལ་རྫོགས་པའི་དྲིན་ཆེན་རྗེ། །བྱིན་རླབས་རྩ་བ་བླ་མ་རིན་པོ་ཆེ།། དངོས་གྲུབ་རྩ་བ་ཡི་དམ་ལྷ་ཡི་ཚོགས། །ཕྲིན་ལས་རྩ་བ་མ་ཚོགས་མཁའ་འགྲོ་རྣམས། །རྩ་གསུམ་ཀུན་འདུས་རྩ་བའི་བླ་མར་འདུད། །སྐྱེ་ཞིང་སྐྱེ་བར་རྗེ་བཙུན་དམ་པ་གང་། །ཀུན་ནས་ཀུན་ཏུ་ཚུལ་བཞིན་བསྙེན་བྱས་པས། །བླ་མའི་བླ་མ་མཆོག་ཁྱེད་དགྱེས་བཞིན་དུ། །ཡང་ནས་ཡང་དུ་རྗེས་སུ་འཛིན་པར་སྨོན། །ཞེས་གུས་སློབ་འཛི་བན་ཀརྨ་བསྟན་འཕེལ་ལམ་འཆི་མེད་སྟོབས་རྒྱལ་གྱིས་དད་གུས་དྲག་པོས་བསྐུལ་ནས་ལྷ་བབས་དུས་ཆེན་ལ་ཕུལ་བ་དགེ།

༼མཁན་པོ་བཀྲ་ཤིས་ཚེ་རྡོར།༽

༈ རྗེས་དྲན་གསོལ་འདེབས།
ཨོཾ་སྭ་སྟི། རྣམ་ཀུན་མཆོག་ལྡན་སྟོང་ཆེན་ཆོས་སྐུའི་ཀློང་། །རྣམ་འཕྲུལ་འགགས་མེད་རང་ཤར་ལོངས་སྤྱོད་རྫོགས། །རྣམ་མང་གང་འདུལ་སྐུར་སྟོན་སྤྲུལ་པའི་སྐུ། །རྣམ་གསུམ་དབྱེར་མེད་དཔལ་ལྡན་བླ་མར་འདུད། །རབ་དཀར་བརྒྱུད་པ་རྒྱུ་སྐར་ཕྲེང་བའི་དབུས། །ཐུགས་བསྐྱེད་ཟླ་བ་གཞོན་ནུའི་ལང་ཚོ་ཅན། །ཆོས་མིན་མུན་པ་རྒྱང་དུ་བསྐྲད་མཛད་པའི། །མཁས་དབང་དགེ་ལེགས་རྒྱ་མཚོར་གསོལ་བ་འདེབས། །གང་སྐུ་ཞི་དུལ་སྒྱུ་མའི་རོལ་རྩེད་དེ།། རྣམ་མང་གདུལ་བྱའི་སྣང་ངོར་བསྟན་པའི་མོད། །ཆེ་དགུའི་དྲེགས་ལྡན་རྣམས་ཀྱང་ལེགས་བཏུད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །བག་ཡོད་བསླབ་གསུམ་གཙང་མའི་དྲི་བསུང་ངད། །ལྷུན་གྲུབ་སྒྱུ་མའི་སྐུ་ལས་འཐུལ་བ་ཡིས། །སྣ་ཚོགས་གདུལ་བྱའི་ཤང་མཆོག་ཚིམ་བྱེད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །དེང་དུས་ཕལ་ཆེར་ཚེ་འདིའི་འདུན་མ་གཉེར། །མགོན་ཁྱོད་འདི་བས་ཕྱི་མཐའ་གནད་དོ་ཞེས། །ཡང་དག་དམ་པའི་ཆོས་ལ་སྦྱོར་བྱེད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས།། ཁ་ཅིག་འདོད་ཡོན་ཟང་ཟིང་ནོར་ལ་བརྐམ། །གང་ཐུགས་སྒྱུ་མའི་ནོར་ལ་མ་སྲེད་པས། །ཆོས་མིན་ལོག་པའི་འཚོ་བས་མ་རྙོག་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །མཁན་གཞན་ཕལ་ཆེར་ཅལ་རྒྱུགས་དབྱངས་སུ་ལེན། །བསྟན་པའི་སྙིང་པོ་རྩོད་ལ་རེ་བའི་ཚེ། །སྒྲུབ་བརྒྱུད་བསྟན་པའི་སྲོལ་ཁ་སྐྱོང་བའི་བཤེས། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །འགའ་ཞིག་རྒྱ་ཆེན་བཤད་པ་ཇི་སྙེད་ཀུན། །ཤེས་བྱ་སྒྲོ་འདོགས་གཅོད་པའི་ཕྱིར་ཞེས་གསུངས། །མགོན་ཁྱོད་རང་རྒྱུད་ཉག་གཅིག་འདུལ་བཤད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །རྣམ་འདྲེན་བཞི་པ་ཟས་གཙང་སྲས་ཀྱི་གསུང་། །མུ་ཅོར་ཐ་སྙད་ཚིག་འཁྲིའི་མ་བསླད་པར། །ཇི་བཞིན་རྡོ་རྗེའི་ལྗགས་ཀྱིས་བཀྲལ་ནུས་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས།། ཕན་ཕན་སྐད་ཀྱིས་གནོད་པའི་འབྲས་རབ་སྟེར། །འདིར་སྣང་ཆོས་བརྒྱད་དང་དུ་ལེན་མཁས་པའི། །སྡིག་པའི་གྲོགས་དང་རིང་ནས་ཕྲལ་བྱེད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །ས་ཕོ་བྱི་བའི་བཅུ་གཉིས་ཟླ་བ་ཡི།། མར་ངོའི་ཚེས་བཅུར་ཆོས་ཀྱི་དབྱིངས་སུ་ཐིམ། །འབྲེལ་ཚད་ཐུགས་རྗེས་སྡིག་ལས་ལྡོག་མཛད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །ཁྱེད་སྐུ་ཉེར་ཞིའི་དབྱིངས་སུ་ཐིམ་ན་ཡང་། །གང་ཞིག་སྣང་བརྙན་ཡིད་ལ་འཆར་བའི་མོད། །ཐར་བའི་ས་བོན་རྒྱུད་ལ་བསྐྲུན་མཛད་པའི། །དོན་བརྒྱུད་སྨྲ་བའི་ཉི་མར་གསོལ་བ་འདེབས། །རྗེ་བཙུན་མཆོག་ཉིད་འབྲེལ་ཚད་ཐུགས་ཀྱི་མཐུས། །བདེ་ལྡན་མངོན་དགའ་དགའ་ལྡན་ཞིང་གང་དེར། །བདག་སོགས་སྲིད་པའི་བཙོན་རར་ལྷུང་བའི་འགྲོ། །གེགས་མེད་མྱུར་དུ་འདྲེན་པར་མཛད་དུ་གསོལ། །ཞེས་པ་འདི་མགོན་པོ་གང་གི་སློབ་བུའི་ཡང་ཐ་བཙུན་ཧྲལ་མི་ཕམ་དགེ་འདུན་རྒྱ་མཚོའམ། བཀྲ་ཤིས་ཚེ་རྡོར་འབོད་པས་མཆོག་ཉིད་ཟག་མེད་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས། རྗེས་དྲན་གསོལ་འདེབས་སུ་བཀོད་པ་དགེའོ།། །།

༼མཁན་པོ་འགྱུར་མེད།༽

༈ བླ་མའི་རྣལ་འབྱོར་བྱིན་རླབས་མཆོག་སྟེར།
མ་ལུས་འཁོར་འདས་གདོད་ནས་དག་པའི་ངང་། །མ་འགག་ཡེ་ཤེས་རོལ་པ་འཆར་པའི་ཀློང་། །རང་ཉིད་སྐད་ཅིག་བཅོམ་ལྡན་ཕག་མོ་ཡུམ། །མཚན་ཉིད་ཡོངས་སུ་རྫོགས་པར་གསལ་བའི་སྟེང་། །ངོ་བོ་རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་། །རྣམ་པ་བདག་གི་སྐྱབས་གཅིག་བླ་མ་མཆོག །རྒྱལ་ཀུན་བྱིན་རླབས་ཡེ་ཤེས་རོལ་པའི་གར། །གདུང་ཤུགས་མོས་གུས་ལམ་དུ་ལྷམ་མེར་གསལ། །གསོལ་འདེབས་ནི། རྗེ་བཙུན་ཡབ་གཅིག་འཇམ་དཔལ་གཞོན་ནུ་ཡི། །གཟུངས་སྤོབས་ཏིང་འཛིན་བརྒྱ་ཕྲག་ཐུགས་ལ་སྨིན། །དོན་བརྒྱུད་ཉི་མའི་ཞབས་ལ་གསོལ་བ་འདེབས། །ཆོས་ཉིད་ཟད་སར་འཁྱོལ་བ་བྱིན་གྱིས་རློབས། །དྲན་མེད་དུ་བརྒྱལ་འགྲོ་བའི་གསོལ་འདེབས་ཅི་ནུས་བསགས། དེ་ནས་ཡར་མར་འོད་དུ་ཞུ་བའི་མཐར། །སྤྱི་བོ་ནས་ཞུགས་རང་གི་སེམས་ལ་ཐིམ། །རང་གི་སྒོ་གསུམ་བླ་མ་ལྷག་པའི་ལྷ། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟ་བུར་གྱུར། །མཐར་འདས་པའི་རྗེས་མི་དཔྱོད། མ་འོངས་པའི་མདུན་མི་བསུ། ད་ལྟའི་སྣང་བ་ཡིད་ལ་མི་བྱ་བར་སེམས་མ་བཅོས་པར་མཉམ་པར་བཞག་པའི་རྗེས་མཐར་སྣང་གྲག་བླ་མའི་རོལ་བར་མོས་པའི་ངང་ནས་རྗེས་ཐོབ་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །ཞེས་པ་འདིའང་མཁས་དང་གྲུབ་པའི་གཙུག་རྒྱན་འཛི་སྒར་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མ་མཆོག་ཞི་བར་གཤེགས་རྗེས་སུ་རང་གི་གསོལ་འདེབས་ཀྱི་རྟེན་ཙམ་དུ་དམིགས་ནས། དམ་པ་གང་གིས་ཆུང་ཕུར་བུ་ཙམ་ནས་བཀའ་དྲིན་གྱིས་བསྐྱངས་པའི་ཕྲན་འགྱུར་མེད་ནས་བྲིས་པ་དགེའོ།།

༼མཁན་པོ་བློ་ཕྲིན།༽

༈ དཔལ་མགོན་བླ་མ་དམ་པ་མྱ་ངན་ལས་འདས་པའི་དྲན་གདུང་སྙིང་གི་སྨྲེ་ངག །
ཐོས་བསམ་སྒོམ་པས་རང་གི་རྒྱུད་དུལ་ཚེ། །འཆད་རྩོད་རྩོམ་པས་བསྟན་འགྲོའི་དོན་རླབས་ཆེན། །སྐུ་ཚེ་གང་པོར་མཛད་པའི་ཡོན་ཏན་ལ། །སྙིང་ནས་དད་པའི་རྟེན་དུ་སླར་ཡང་གོ། །སྣང་མི་རུང་བའི་ཡོན་ཏན་གྱིས་ཕྱུག་ཀྱང་། །རྐུ་མའི་རྫས་བཞིན་སྦས་པའི་རྣལ་འབྱོར་པ། །ཚུལ་འཆོས་སྙན་གྲགས་མི་རེའི་ངང་ཚུལ་ལ། །བསམ་ཞིང་སླར་ཡང་སྙིང་ནས་མཆི་མ་དཀུ། །དད་གཤིན་དཀོར་རྫས་བག་མེད་ལོངས་སྤྱོད་ཅིང་། །རང་འདོད་ང་རྒྱལ་ཁེངས་དྲེག་དབང་གྱུར་པའི། །དེང་དུས་སྤྲུལ་གཟུགས་འགའ་རེ་མཐོང་བའི་ཚེ། །ཁྱེད་ཀྱི་བག་ཡོད་ཆོག་ཤེས་ཚུལ་དེ་དྲན། །དུས་ཀྱི་མཐའ་རུ་བྱུང་བའི་སེར་གཟུགས་འགས། །སྟོན་པའི་རྐང་འདྲེན་དགེ་འདུན་དབུ་འཕང་སྨོད། །ནང་འཁོར་ཕུང་འདྲེ་དཀྲུག་སྦྱོར་བྱེད་མཐོང་ཚེ། །ཁྱེད་ཀྱི་ཟབ་པའི་བཀའ་སློབ་ཡང་ཡང་དྲན། །ཡབ་རྗེ་ཟླ་བ་ནུབ་ཀྱི་རི་བོར་བྱོན། །ལྟས་ངན་འབྱུང་བྱས་མི་སྙན་ངན་དགུ་སྒྲོགས། །ཤུལ་ལུས་སློབ་བུའི་ལས་དབང་སྐལ་པ་ལ། །ཅི་ཙམ་བསམས་ཀྱང་སྐྱོ་བའི་རྒྱུ་ལས་དབེན། །སྙུན་པའི་ཚུལ་དང་འདའ་ཁའི་ཞལ་ཆེམས་སོགས། །གང་ཡང་མེད་པར་གློ་བུར་སྙུན་མེད་ངང་། །མྱ་ངན་འདས་པའི་ཚུལ་གྱིས་གཏམ་ཐོས་ཚེ། །སློབ་འབངས་སེམས་ནང་སྡུག་གི་མུན་པ་འཁྲིགས། །ཀྱི་ཧུད་སྐྱེ་འགྲོ་ལས་དང་སྐལ་པ་དམན། །ཉམ་ཐག་སློབ་བུ་མགོན་མེད་དྭ་ཕྲུག་གྱུར། །ཐ་ཤལ་བདག་ཀྱང་སུ་ལ་ཡིད་གཏད་བྱེད། །མགོན་མེད་ལོང་བ་ཐང་སྟོང་འཁྱམས་དང་མཚུངས། །ཅི་ཙམ་འགྲོགས་ཀྱང་མ་དད་མི་འབྱུང་ཞིང་། །ཡོན་ཏན་དྲི་བཟང་འགོ་བའི་བཤེས་གཉེན་མཆོག །ཞིང་གི་གཙོ་བོར་བཞུགས་པའི་འཁོར་དེ་རུ། །ཟག་ལུས་འདི་དང་བྲལ་ཚེ་སྐྱེ་བར་ཤོག །
ཅེས་པ་འདི་ནི་མགོན་པོ་གང་གི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ། འཇོ་ཕུ་དགོན་གྱི་གྲྭ་མིང་འཛིན་པ་བློ་ཕྲིན་ནས་གང་ཤར་དུ་བྲིས་པའོ།། །།

༼མཁན་སྤྲུལ་རྡོ་རྗེ་ཚེ་རིང་།༽

༈ བླ་མའི་གདུང་འབོད་བྱིན་རླབས་ཆར་འབེབས།
དུས་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཀྱིས། །བྱིན་རླབས་ནུས་མཐུ་མ་ལུས་གཅིག་བསྡུས་པ། །བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་ལ། །ཚེ་རབས་ཀུན་ཏུ་མི་ཕྱེད་གུས་པས་མཆོད། །སྙིགས་མའི་དུས་འདིར་སངས་རྒྱས་མི་གཟུགས་ཅན། །ངེས་པ་དོན་གྱི་མ་ཧཱ་པཎྜི་ཏ། །མཁན་ཆེན་མཚུངས་མེད་དོན་བརྒྱུད་ཉི་མ་མཆོག །བདག་བློ་པདྨོའི་དཀྱིལ་དུ་རྟག་བཞུགས་མཛོད། །གང་གི་ཐུགས་སྨོན་བཟང་པོའི་ལས་དབང་གིས། །སྐལ་ལྡན་གདུལ་བྱ་དུ་མ་ཐར་ལམ་བཀོད། །འགྲོ་དྲུག་འདྲེན་མཛད་འགྲོ་བའི་དད་དཔོན་ཆེ། །སངས་རྒྱས་གཉིས་པ་པཎ་ཆེན་ཆོས་ཀྱི་རྗེ། །ལུང་རྟོགས་རྒྱལ་བའི་བསྟན་པ་ཉིན་མོ་བཞིན། །གསལ་མཛད་བཀའ་དྲིན་ཟླ་མེད་རིན་པོ་ཆེ། །མཁས་གྲུབ་བྱེ་བའི་གཙུག་རྒྱན་བསྟན་འགྲོའི་མགོན། །མཚུངས་མེད་ཡིད་བཞིན་ནོར་བུ་བླ་མ་རྗེ།། སྐལ་ལྡན་གདུལ་བྱ་རེ་ཞིག་རྫོགས་པ་དང་། །རྟག་འཛིན་སེམས་ཅན་ཆོས་ལ་བསྐུལ་ཕྱིར་དུ། །སྐྱེ་འཆི་བགྲེས་བྲལ་ཆོས་ཀྱི་སྐུ་བརྙེས་ཀྱང་། །ངོ་མཚར་ལྟས་བཅས་འཇའ་ལུས་སྐུ་རུ་གཤེགས། །ཁྱེད་ཀྱི་མཚན་དཔེའི་ཞལ་རས་མ་བཞུགས་པར། །སློབ་འབངས་ཡལ་བར་དོར་ནས་ཞིང་གཞན་དུ། །ཕེབས་པའི་གོ་སྐབས་ངན་པ་འདི་འཆར་དུས། །དྲན་ཐེངས་རེ་ལ་མིག་ཆུའི་ཕྲེང་བ་འཐོར། །ཞལ་རས་དུང་ཟླ་དཀར་པོ་ནུབ་རིར་བརྒལ། །སློབ་ཚོགས་ཀུན་ད་འཁོར་བཅས་ཤུལ་དུ་ལུས། །བདག་ཅག་སློབ་འབངས་ཚོགས་ནི་མུན་འཐོམས་གྱུར། །མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས་པར་མཛོད། །འོན་ཀྱང་བདག་གིས་རྨི་ལམ་ལན་དུ་མར། །བླ་མ་དམ་པ་མངོན་སུམ་མཇལ་བ་བཞིན།། ཆོས་དང་གདམས་ངག་མང་པོ་ཞུས་པ་རྨིས། །དངོས་མཇལ་ལྟ་བུའི་དགའ་སྤྲོ་ཡང་ཡང་ཐོབ། །སྡོམ་གསུམ་སུམ་ལྡན་རྡོ་རྗེ་འཛིན་པ་ཆེ། །མཁན་ཆེན་མཚུངས་མེད་ཡིད་བཞིན་ནོར་བུ་མཆོག །དག་པའི་ཞིང་ཁམས་གང་ལ་བཞུགས་མཛད་ཀྱང་། །བརྩེ་བའི་ཐུགས་རྗེས་ནམ་ཡང་གཟིགས་པར་མཛོད།། དམིགས་མེད་སྙིང་རྗེས་ཞི་ལ་མི་གནས་པར། །མཐའ་ཡས་འགྲོ་བའི་དོན་ཆེན་བསྒྲུབ་པའི་ཕྱིར། །ཡང་སྤྲུལ་དུང་ཟླ་དཀར་པོ་མྱུར་འཆར་ནས། །སྐྱེ་དགུའི་མུན་ཚོགས་ཕ་མཐར་བསྐྲད་པར་མཛོད། །
ཅེས་གདུང་འབོད་ཀྱི་ཚིགས་སུ་བཅད་པ་འདི་ནི། མཁས་དང་རྩོམ་པའི་རྒྱུ་ཚོགས་ཀྱིས་དབེན་ཡང་། ༧མཁན་ཆེན་དམ་པ་མཚུངས་མེད་ཡིད་བཞིན་ནོར་བུ་གང་གི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ། མགོན་པོ་གང་གི་སློབ་འབངས་ཡོངས་ཀྱི་གྲལ་མཐར་འཁོད་པ་ཚེ་བྷྲཱུཾ་སྤྲུལ་སྐུ་བཛྲ་མིང་ཅན་ནས། ཟླ་ཚེས་བཟང་པོར་སྨྲས་པས་སྐྱེ་དང་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་དམ་པ་ཐུགས་མཉེས་པའི་རྒྱུར་གྱུར་ཅིག །

༼མཁན་པོ་ཆོས་རྣམ།༽

༈ གདོད་ནས་སྤྲོས་ཀུན་བྲལ་བའི་མཁའ་དབྱིངས་སུ། །མཁྱེན་གཉིས་ཉི་ཟླའི་དཀྱིལ་འཁོར་རབ་གསལ་ཞིང་། །བརྩེ་ཆེན་འོད་ཀྱིས་འགྲོ་བློའི་མུན་སེལ་བ༑ །དྲིན་ཆེན་བླ་མས་ཚེ་རབས་ཀུན་ཏུ་སྐྱོངས། །གང་ཐུགས་ཆོས་སྐུ་ཞི་ལས་མ་གཡོས་ཀྱང་། །དམིགས་མེད་ཐུགས་རྗེ་ཆེན་པོའི་གཞན་དབང་གིས། །སྙིགས་ལྔའི་འགྲོ་བ་འདུལ་ཕྱིར་སྤྲུལ་པའི་གར། །སུམ་ལྡན་བཤེས་གཉེན་དམ་པའི་ཚུལ་དུ་སྣང་། །སྐྱོན་བྲལ་སྡོམ་གསུམ་གཙང་མའི་ས་གཞི་ལ།། ཐོས་བསམ་རིན་ཆེན་རྣམ་བཞིའི་བང་རིམ་ཅན། །གྲངས་མེད་ཏིང་འཛིན་རི་གླིང་བྱེ་བས་བསྐོར། །སྒོམ་བྱུང་རྟོགས་པའི་རི་དབང་རབ་ཏུ་བརྟན། །འཆད་པ་མི་འཕྲོགས་སྤོབས་པའི་གཏེར་གྱིས་ཕྱུག། རྩོད་རིགས་གནམ་ལྕགས་མཚོན་གྱིས་ཕས་རྒོལ་འཇོམས། །རྩོམ་པས་འགྲོ་བློའི་དབུལ་བ་སེལ་མཛད་པ། །ཆོས་ཀྱི་འཁོར་བསྒྱུར་དམ་པ་ཁྱོད་ཉིད་ལགས། །རྣམ་མང་བཅུ་ཕྲག་རིག་པའི་གནས་ཀུན་མཁྱེན། །རྣམ་ཀུན་གདུལ་བྱའི་འགྲོ་ལ་བུ་ལྟར་བརྩེ། །རྣམ་བཞིའི་ཕྲིན་ལས་སྒྲུབ་བྱེད་ནུས་པའི་འཕྲུལ། །རྣམ་དག་ཡོངས་སུ་རྫོགས་པ་ཁྱེད་ལ་མངའ། །མདོ་རྒྱུད་མན་ངག་བདུད་རྩིའི་ཆུ་གཏེར་མཆོག །མཆོག་གྱུར་རྣམ་དཔྱོད་དག་པས་བསྲུབས་པ་ལས། །ལས་སྣང་ཐ་དད་འགྲོ་བའི་ཡིད་མཁའ་གང་། །གང་འདུལ་གསུང་གི་འོད་ཀྱིས་སྣང་བ་བྱས། །ཆེས་སྙིགས་དུས་ཀྱི་མུན་ཆེན་བདོ་བའི་སྐབས། །ཐུགས་བསྐྱེད་སྐྱ་རེངས་གསར་པའི་འོད་སྣང་གིས། །འགྲོ་ལ་ཐར་པའི་ལམ་བཟང་གསལ་མཛད་པའི། །བཀའ་དྲིན་ནམ་མཁའི་མུ་ཁྱུད་ལས་ཀྱང་བརྒལ། །གང་སྐུ་ཕན་བདེའི་འོད་སྟོང་དྲྭ་བ་ཅན།། ཞི་དབྱིངས་ནུབ་རིའི་ཕག་ཏུ་གཟིམས་གྱུར་ཀྱང་། །དུག་གསུམ་སྨག་གིས་ནོན་པའི་སྐལ་དམན་ལ། །མི་འབྲལ་བརྩེ་བའི་སྤྱན་གྱིས་གཟིགས་ཤིག་ཀྱེ། །སླར་ཡང་གཟུགས་སྐུ་ཟླ་བ་གསར་པའི་འཛུམ། །འགྲོ་སེམས་མོས་པའི་མཁའ་ལ་ལེགས་འཆར་ནས། །སྐལ་ལྡན་ཀུན་དའི་དགའ་བ་བསྐྱེད་པའི་ཕྱིར། །ཕྲིན་ལས་འོད་སྟོང་ཕྱོགས་བརྒྱར་འགྱེད་དུ་གསོལ། །བདག་ཀྱང་སྐྱེ་བ་ཀུན་ཏུ་མགོན་ཁྱོད་ཀྱི། །ཞབས་པད་སྤྱི་བོའི་པདྨོར་བཀོད་བྱས་ཏེ། །གསུང་གི་བདུད་རྩིའི་བཅུད་ལ་རྟག་རོལ་ནས། །རྣམ་མཁྱེན་དགའ་བའི་ཚལ་དུ་དབུགས་འབྱིན་ཤོག །
ཅེས་ཚིགས་སུ་བཅད་པ་བཅུ་གཅིག་གི་གྲངས་ལྡན་འདི། མཁན་རིན་པོ་ཆེ་འཇམ་དཔལ་དོན་བརྒྱུད་ཉི་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་སྐབས། མགོན་པོ་གང་གི་སློབ་འབངས་ཐ་ཤལ་བ་དཔལ་གྲྭ་ཆོས་རྣམ་ནས་བྲིས།

༼མཁན་པོ་བསྟན་པ།༽

༈ རྗེས་དྲན་བྱིན་རླབས་ཞུ་བའི་གདུང་དབྱངས།
མན་ངག་དོན་གྱི་བརྒྱུད་པ་དཔལ་འབྲུག་པའི། །ཐུན་མིན་ལམ་རིམ་སྙིགས་ལྔའི་སྨག་རུམ་དུ། །ཉི་མ་ལྟར་གསལ་དབུ་ལྕང་དཀར་པོ་གང་། །མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཞགས་རྐྱོངས། །ཐོས་བསམ་སྒོམ་པས་རང་དོན་སྐུ་མཆོག་བརྙེས། །འཆད་རྩོད་རྩོམ་པས་ཐར་འདོད་མོས་བློ་རྫོགས། །མཁྱེན་བརྩེ་ནུས་པས་དོན་གཉིས་མཐར་ཕྱིན་པའི། །ཟླ་བྲལ་དཔལ་ལྡན་བླ་མས་དབྱིངས་ནས་དགོངས། །གནག་སྣུམ་ལྕང་ལོ་རལ་གྲིའི་སོ་ཁར་བཏབ། །ཁྱིམ་པའི་བྱ་བ་རྒྱང་ནས་རྒྱང་དུ་བྱས། །ངུར་སྨྲིག་གོས་ཀྱིས་དྲོད་དེས་ཡུན་དུ་བདེ། །གཏན་གྱི་ཕ་ཁྱིམ་རྙེད་པའི་མགོན་ཁྱེད་དྲན། །ལྷད་མེད་ལྷག་བསམ་དཀར་པོ་བསྟན་ལ་མཛད། །འཚེ་མེད་བྱམས་བརྩེས་རིགས་དྲུག་འགྲོ་བ་བསྐྱངས། །དྲི་མེད་ལྟ་བས་སྐུ་བཞིའི་རྒྱལ་སར་གཤེགས། །འཛད་མེད་ཡོན་ཏན་མངའ་བ་གང་དེ་དྲན། །ཁམས་གསུམ་སྲིན་གླིང་ལྟར་གཟིགས་ངེས་འབྱུང་གཅིག །སྲིད་གསུམ་མ་བཞིན་གཅེས་པའི་བྱང་སེམས་གཉིས། །འཁོར་འདས་དབྱེར་མེད་མཁྱེན་པའི་ལྟ་བ་གསུམ། །གང་ལ་མངའ་བའི་མགོན་དེ་ཡང་ཡང་དྲན། །སྣང་ཚད་ལྷ་སྐུ་ཤར་བའི་བསྐྱེད་རིམ་དང་། །གཟུང་འཛིན་དབྱིངས་སུ་དག་པའི་རྫོགས་པའི་རིམ། །ཟུང་འཇུག་བདེ་ཆེན་ཐུགས་ཀྱི་རྒྱན་དུ་མཛེས། །ཉམས་ལེན་མཐར་ཕྱིན་མགོན་དེ་ཡང་ཡང་དྲན། །ཆོས་བརྒྱད་སྒྲོག་གིས་བཅིང་བའི་བུ་རུལ་ངས། །དྲན་པའི་གཞུ་མོ་ནང་དུ་བཀུག་ཐེངས་རེར། །བླང་དོར་ལམ་སྟོན་སྲིད་གསུམ་མིག་གཅིག་པུ། །མཁན་ཆེན་དགེ་རྒྱའི་མཛད་རྣམ་ཡང་ཡང་དྲན། །ཚེ་གཅིག་དོན་ཆུང་བྱ་བས་རང་མགོ་འཁོར། །དལ་འབྱོར་སྙིང་པོ་རྣམ་གཡེང་རླུང་བུས་ཁྱེར། །ཆོས་ཕྱིར་སྙིང་རུས་མེད་པའི་ཐ་ཤལ་ལ། །མཁའ་སྤྱོད་གནས་ནས་གཟིགས་པ་མ་ཆུང་མགོན། །ཞེས་དཔལ་གྲྭ་བསྟན་པ་ནས། སྤྱི་ལོ་ ༢༢༡༣ ཟླ་བ་ ༡༡ ཚེས་ ༥ ཉིན་བྲིས་པའོ།། །།

༼མཁན་པོ་མགོན་པོ་རྣམ་རྒྱལ།༽

༈ སྐྱབས་རྗེ་དམ་པ་མཁན་ཆེན་དགེ་ལེགས་རྒྱ་མཚོའི་རྗེས་དྲན་ནོར་བུའི་ཕྲེང་བ་ཞེས་བྱ་བ།
རང་དོན་ཆོས་སྐུའི་གོ་འཕང་མངོན་དུ་བྱས། །གཞན་དོན་གཟུགས་སྐུ་འབད་མེད་ལྷུན་གྱིས་གྲུབ། །བསྟན་འགྲོ་སེམས་ཅན་དོན་དུ་བསམ་བཞིན་བྱོན།། རྩ་བའི་རྣམས་ལ་གུས་པས་འདུད། །རྣམ་དག་ཁྲིམས་ཀྱི་ས་གཞི་གཙང་མ་རུ།། མང་ཐོས་སྤྲིན་ལས་སྦྲང་ཆར་ཟེར་མ་བབས། །གདུལ་བྱའི་ཞིང་དུ་དགེ་བའི་ལོ་ཏོག་སྨིན། །འཇམ་དཔལ་དོན་བརྒྱུད་ཉི་མས་འགྲོ་འདི་སྐྱོངས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །དར་ཞིང་རྒྱས་ལ་ཡུན་རིང་གནས་པའི་ཕྱིར། །ཕྲིན་ལས་དཀར་པོའི་ཟེར་བརྒྱ་འཕྲོ་བའི་གཉེན། །མཁན་ཆེན་དགེ་ལེགས་རྒྱ་མཚོ་རྒྱལ་གྱུར་ཅིག །ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །ལུང་རྟོགས་བསྟན་པ་ཐ་གྲུ་ཡོངས་ལ་ཁྱབ། །གདུལ་བྱ་མ་ལུས་སྨིན་ཅིང་གྲོལ་བར་མཛད། །བསམ་གཏན་མཆོག་གྲུབ་བློ་བཟང་གུས་པས་འདུད། །རིན་ཆེན་བྱང་ཆུབ་སེམས་ཀྱི་འོད་ཟེར་འཕྲོ། །གཞུང་དོན་པདྨོ་འབྱེད་པའི་བློ་གྲོས་ལྡན། །མཐའ་ཡས་གཞན་དོན་སྒྲུབ་ལ་མི་སྐྱོ་བ། །འཇམ་དཔལ་དོན་བརྒྱུད་ཉི་མས་བདག་ཡིད་སྐྱོངས།།
ངུར་སྨྲིག་དམར་སེར་འཆང་བའི་འདུས་སྡེ་ཡི་དབུས་སུ། །མང་ཐོས་ཚུལ་དང་ལྡན་པའི་བཤེས་གཉེན་རྣམས་མཐོང་ཚེ། །མང་ཐོས་ལུང་གིས་དབུལ་བའི་ཉམ་ཐག་གི་བུ་ངས། །འདྲེན་མཆོག་བླ་མའི་བརྗིད་ཞལ་ཡང་ཡང་དུ་དྲན་བྱུང་། །སྟོན་རླུང་བསེར་བུས་ཁྱེར་བའི་གསེར་མདོག་གི་ལོ་མ། །བྱིལ་ཆུང་འཕུར་ལྡིང་གར་གྱིས་ཕྱོགས་མེད་དུ་བསྐྱོད་དུས། །དུག་གསུམ་ནད་ཀྱིས་མནར་བའི་ཉམ་ཐག་གི་བུ་ངས། །དཔལ་མགོན་བླ་མ་དམ་པའི་བཀའ་དྲིན་དེ་དྲན་སོང་། །དཔྱིད་ཀྱི་རྒྱལ་མོས་གྲེ་འགྱུར་ལྷང་ལྷང་དུ་སྒྲོགས་ཤིང་། །དཀར་དམར་མེ་ཏོག་སྣ་ཚོགས་ཕྱོགས་མེད་དུ་བཞད་དུས། །རང་སྐྱོན་མཐོང་བའི་ཤེས་རབ་མེ་ལོང་དེ་རྙེད་པས། །གཞན་སྐྱོན་འཆར་བའི་སྒྱུ་མའི་གློག་བརྙན་དེ་ཞིག་པ། །འདྲེན་མཆོག་བླ་མ་འདྲ་བའི་སྐྱབས་གནས་ནི་མི་འདུག །ཁྱིམ་སྤངས་རང་བྱུང་སྟོན་པའི་བསྟན་པ་ལ་ཞུགས་ཀྱང་། །གཡོ་ཁྲམ་སྲིད་ཀྱི་ཕྱོགས་ལ་ཕྱི་མིག་ཅིག་ཤོར་ནས། །རྣམ་གསུམ་ཆོས་གོས་འོག་ནས་ཆགས་སྡང་རེམ་པའི། །ཞེ་འདོད་ལག་ལེན་ནོར་བའི་སེར་གཟུགས་དེ་མཐོང་ཚེ། །མཚན་ལྡན་བླ་མ་དམ་པའི་མཛད་སྤྱོད་དེ་དྲན་སོང་། །ཉིན་མོའི་ཆོས་པ་མཚན་མོར་ཆང་ཁང་གི་དབུ་ཁྲིད། །མཚན་གྱི་སྒེག་མ་ཉིན་མོར་བཙུན་དགོན་གྱི་ལས་སྣེ། །དེང་རབས་ཆོས་པ་ཕལ་གྱི་མཛད་སྤྱོད་འདི་མཐོང་ཚེ། །འཇམ་དཔལ་དོན་བརྒྱུད་ཉི་མས་བདག་ཡིད་དེ་སྐྱོངས་མཛོད།།
གདོན་ནས་ཞི་བ་ཆོས་སྐུ་མངོན་གྱུར་ཀྱང་། །སྣ་ཚོགས་མོས་ངོར་ཆུ་ཟླའི་རོལ་གར་གྱིས། །ཐབས་མཁས་འཇུག་པས་འགྲོ་བའི་དོན་སྤྱོད་པ། །ངེས་གསང་རྒྱལ་བའི་མཛད་པ་བློས་མི་ཆུད། །འོན་ཏེ་ཐུན་མོང་གདུལ་བྱའི་སྣང་ངོ་རུ། །ཚུལ་དགུའི་རྒྱན་འཆང་བཤེས་གཉེན་གཟུགས་བསྟན་ཅིང་། །ཟབ་མོའི་གདམས་པ་ཕན་བདེའི་འོད་སྟོང་གིས། །བདག་སོགས་གདུལ་བྱ་པདྨོ་སྐྱོང་བའི་གཉེན། །དོན་བརྒྱུད་བསྟན་པའི་ཉི་མ་གང་དེ་དང་། །སྐྱེ་བའི་ཕྲེང་བར་ཀུན་ཏུ་མི་འབྲལ་བར། །ཟབ་རྒྱས་གདམས་པའི་བཅུད་ལ་རོལ་བྱས་ཏེ། །མ་གྱུར་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག །རང་གཞན་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་པར་སྨོན། །ཞེས་འཛི་གྲྭ་ཐུབ་བསྟན་ཤེས་རབ་བཟང་པོའམ་མགོན་པོ་རྣམ་རྒྱལ་ནས་ལྷ་བབས་དུས་ཆེན་ཉིན་བྲིས་པ་དགེ།

༼མཁན་པོ་བསོད་ནམས་རྡོ་རྗེ།༽

༈ གོ་རིམ་མེད་པའི་རྗེས་དྲན་དྲང་བདེན་གྱི་གསོལ་འདེབས།
ན་མོ་གུ་རུ། བློ་སྦྱོང་བྱང་ཆུབ་སེམས་ལ་གོམས་པ་དང་། །ཐབས་གྲོལ་ལམ་གྱི་བབས་སོ་ཕྱག་རྒྱ་ཆེར། །དབང་འབྱོར་སྲིད་ཞིའི་མཐའ་ལ་མི་གནས་པ། །མཁྱེན་བརྩེའི་བདག་ཉིད་བླ་མ་དང་བས་བསྙེན། །དགེ་ལེགས་ཡོན་ཏན་བྱེ་བའི་བསྟི་གནས་དང་། །རྒྱལ་བསྟན་ཕན་བདེ་ནོར་བུའི་འབྱུང་གནས་སུ། །འདུལ་བ་རྒྱ་མཚོའི་སྙིང་པོ་ངེས་འབྱུང་གི། །དྲི་མེད་ཚུལ་ཁྲིམས་གཙང་མའི་གནས་བརྟན་ཆེ། །ཟླ་བའི་ཕྲེང་བ་མི་ལོ་གྱ་ལྔའི་ཡུན། །བཞུགས་ཏེ་ལུང་རྟོགས་བསྟན་པའི་སྲོག་མཐུད་ཅིང་། །མཁོ་དགུའི་དཔེ་སྣ་སྤར་དུ་བཞེངས་པ་ཚུན། །ཁྱེད་ཀྱི་མཛད་རིས་ཟླ་བའི་ཆ་གང་ཡང་། །སྲིད་ཞིའི་ཡོན་ཏན་གཅིག་ཏུ་རྫོགས་པ་ཁྱེད། །ཞི་བར་གཤེགས་པའི་ཕོངས་སེམས་རྨ་ཁའི་ཟུག །ཆོས་སྲིད་ལུགས་གཉིས་གང་གི་ཆ་ལ་ཡང་། །ཞིམ་དགུའི་རྣམ་ཐར་དྲན་བཞིན་ལྷག་པར་ལྡང་། །གཞན་ཕན་ལྷག་བསམ་འོ་མའི་བཅུད་མཆོག་ལ། །བསྐལ་པ་དུ་མར་གོམས་པའི་ཟུངས་སྟོབས་རྫོགས། །བརྟན་བརླིང་སྒམ་པའི་ཐུགས་གཤིས་དྲང་པོ་ལ། །ཟབ་གསལ་མྱུར་བའི་ཤེས་རབ་དཔལ་གྱིས་ཕྱུག །ཆོས་གོས་ལྷུང་བཟེད་ཙམ་ཞིག་གཉེར་བ་ཡི། །ཕྱི་རོལ་མཁོས་ཆུང་གྲྭ་རྐྱང་བགྲེས་པོ་ཞིག །ནང་དུ་ཐོས་བསམ་སྒོམ་པ་རྒྱ་མཚོ་ལ། །རིམ་གཉིས་རྣལ་འབྱོར་རིན་ཆེན་དབྱིག་གིས་གཏམས། །སྟོན་པས་རང་གི་བླ་གོས་བཞི་བལྟབས་ལ། །བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར། །ཆ་རྐྱེན་དམན་པའི་གསེར་གདུང་སྟེང་བང་དུ། །ཐོག་མའི་དཔེ་ཁྲིད་ཀློག་གྲྭ་བསྐྱངས་བ་སོགས། །ཐུགས་བརྩེ་ཉི་མའི་དྲོད་ཀྱིས་བཞུས་པ་ཡི། །དྲི་མེད་མཁྱེན་རབ་གངས་རི་ལས་འོང་བའི། །མདོ་སྔགས་རིག་གནས་དག་བྱེད་བསིལ་མའི་རྒྱུན། །ཇི་ལྟར་འདོད་བཞིན་སྩོལ་ལ་སྐྱོ་སུན་མེད། །མི་མཐུན་གདུག་རྩུབ་སྲིན་མོས་གཙེས་པ་ཡི། །སྐྱབས་ཀྱིས་ཕོངས་པའི་ཉམ་ཐག་བདག་ཉིད་ཀྱང་། །བརྩེ་ཆེན་ཐུགས་རྗེའི་ལྷོད་མེད་བསྐྱངས་པ་ཡིས། །རེ་བའི་སྤང་སྡེར་དྲངས་པ་ཁྱེད་ཀྱི་དྲིན། །རྣོ་མྱུར་སྤོབས་པའི་ཤེས་རབ་ཟབ་མོ་ཡིས། །དགག་སྒྲུབ་རིགས་ལམ་ཤེས་པའི་མཐུ་དམན་ཡང་། །མདོ་སྔགས་ཁྲིད་དཔེའི་འཁྱེར་སོ་མ་ནོར་ཙམ། །ཤེས་པའི་ཤེས་རབ་ཐོབ་པའང་ཁྱེད་ཀྱི་དྲིན། །མདོར་ན་རང་གཞན་ལྟོས་བཅས་རྣམས་ཀྱི་མགོན། །གཟིགས་པ་སྙོམས་པའི་མཁས་བཙུན་བཟང་པོ་དང་། །མི་ཆོས་ཚུན་ལ་ལན་བརྒྱར་བརྟགས་ན་ཡང་། །ཅུང་ཟད་སྐྱོན་མི་མངའ་བའི་བཤེས་གཉེན་ནི། །གནས་བརྟན་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན། །ཁྱེད་ཀྱི་བསླབ་གསུམ་ཡོན་ཏན་ཕུང་པོ་ལ། །ཕྱག་འཚལ་གསོལ་འདེབས་དང་བའི་བློ་ཡིས་མཆོད། །རྗེས་སུ་ཡི་རང་ཆོས་འཁོར་བསྐོར་བར་གསོལ། །མགོན་པོའི་བཀའ་དང་ཐུགས་སྤྱན་འགལ་གྱུར་རིགས། །འགྱོད་དང་བསྡམས་པས་བཤགས་སོ་ཐུགས་ཀྱིས་དགོངས། །དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱེད་ཀྱི་མཁྱེན་བརྩེའི་སྐྱབས་ལས་མི་འདའ་ཞིང་། །དེ་ཚེ་ཚུལ་མིན་བསམ་སྤྱོད་ཀུན་སྤངས་ཏེ། །ཤེས་བརྩོན་བརྟན་པོས་དགོངས་སྤྱོད་རྟོགས་ནུས་ཤོག །ཅེས་རབ་རྒྱན་ས་གླང་ས་ཟླའི་ཚེས་བདུན་ལ་མགོན་པོ་གང་གི་སློབ་མ་ཐ་ཤལ་བ་བསོད་རྡོས་བྲིས་པ་དགེའོ།། །།

༼མཁན་པོ་དབང་ཆེན།༽

༈ དད་གསུམ་པདྨོ་རྒྱས་པའི་རྗེས་དྲན་གྱི་འོད་དཀར།
མཐའ་བྲལ་ཐུགས་ཀྱི་ཀུན་གསལ་ཡངས་པའི་ཀློང་། །ཤེས་རབ་རྟ་བདུན་དབང་པོ་བླ་ན་མཐོ། །མ་རིག་འགྲོ་བའི་མུན་སྟུག་བསལ་མཛད་པའི། །མཁན་ཆེན་དོན་བརྒྱུད་ཉི་མ་སྙིང་དབུས་རོལ། །
དེ་ལ་འདིར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་པ་ལྟར་དོན་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་བྲལ་བའི་དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཡིན་པ་ལ་སུས་ཀྱང་བསྙོན་དུ་མེད་ཀྱང་། ཇི་སྐད་དུ། རྩྭ་མཆོག་དྲུང་དུ་དགོངས་པ་མྱ་ངན་འདས། །ཞེས་པའི་ལུང་ལྟར། རྗེ་ཉིད་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་ནས་རིང་པོར་མ་ལོན་པའི་དུས་སུ། ཤུལ་ལུས་ཀྱི་དྭ་ཕྲུག་འཁྱམ་པོས་ངུ་ངག་དང་བཅས་ཏེ། ཀ་ཕྲེང་གི་རི་མོ་འདི་ལྟར་གྱེར་རོ། །
ཀ་དག་གནས་ལུགས་རྟོགས་པའི་དཔལ་མགོན་གྱི་བླ་མ། །ཁ་མིན་སྙིང་གི་དབུས་ནས་གསོལ་བ་རང་འདེབས་ན། །ག་དུས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་རུ་ནུས་པའི། །ང་ལ་གཟུངས་སྤོབས་བྱེ་བའི་ཤིས་པ་ཞིག་སྩོལ་མཛོད། །ཅ་ག་མདོ་སྔགས་ཆོས་ལ་བྱེད་པོ་དེས་དབྱིངས་ནས། །ཆ་ཙམ་དོན་གྱིས་དབེན་པའི་འཁྱམ་པོ་ལ་གཟིགས་དང་། །ཇ་ལུད་བཞིན་དུ་ཐུགས་རྗེས་ཡལ་བ་རུ་དོར་ན། །ཉ་མོ་ཆུ་དང་བྲལ་བཞིན་འཆི་བ་ལས་འོས་མེད། །ཏ་ཐཱ་ག་ཏའི་རྣམ་འཕྲུལ་ལུང་རིགས་ཀྱིས་གྲུབ་ཀྱང་། །ཐ་མལ་སོ་སྐྱེ་བདག་ཅེས་ཁེངས་སྐྱུང་གི་མཛད་པ། །ད་ལྟ་ཡིད་ཡུལ་འཆར་དུས་ལྷག་པར་རུ་ངོ་མཚར།། ན་འཆི་སྡུག་བསྔལ་བྲལ་བའི་འཕགས་པ་དེ་དྲན་བྱུང་། །པ་སངས་སྐར་ཆེན་ལྟ་བུ་ཐུབ་བསྟན་གྱི་མཛེས་རྒྱན། །ཕ་རྒོད་དེ་བཞིན་གཤེགས་ཁྱེད་མངོན་སུམ་དུ་མཇལ་ཡང་། །བ་ལྟར་དམ་ཆོས་སྒྲུབ་བློ་སྙིང་དབུས་ནས་མ་འཆང་། །མ་རིག་དྲི་མས་བསྒྲིབས་པའི་བུ་ང་ཡང་སྐྱོ་བ། །རྩ་ཆེན་སྐུ་གདུང་མཐོང་གྲོལ་རིན་ཆེན་གྱི་གོང་བུ། །ཚ་བའི་ཞུགས་སུ་འབུལ་སྐབས་ཐུགས་ལྗགས་དང་རིང་བསྲེལ། །ཛ་དྲག་དུཿཁས་མནར་བའི་ཤུལ་ལུས་ལ་བཞག་པར། །ཝ་ལེར་ཡིད་ལ་འཆར་དུས་ལྷག་པ་རུ་དྲན་བྱུང་། །ཞྭ་ལྟར་གཙུག་ཏུ་བཀུར་འོས་འཁོར་ལོ་ཡི་མགོན་པོའི། །ཟ་འོག་འབོལ་གདན་ཁྲི་དང་གཟིམས་ཤག་དེ་མཐོང་ཚེ།། འ་ཅག་སྐྱོ་གདུང་མཆི་མའི་ཕྲེང་བ་དེ་འཐོར་སོང་། །ཡ་མཚན་ཆེ་བའི་བླ་མས་ད་དུང་དུ་སྐྱོངས་ཤིག །ར་བ་གངས་རིའི་བསྐོར་བའི་ཞིང་ཁམས་ཀྱི་དབུས་སུ།། ལྭ་བ་དམར་པོ་གྱོན་པའི་ཁྲི་ཕྲག་གི་ཁ་ལོ། །ཤ་ཚ་སྙིང་རྗེའི་བུ་ངའི་སྐྱོ་སྣང་ལ་གཟིགས་དང་། །ས་མཐོར་གཤེགས་པའི་དེད་དཔོན་ཁྱེད་སྒུག་ཡོད། །ཧ་ཅང་སྐྱོ་བའི་ངང་ནས་རྗེས་དྲན་འདི་སྨོས་དགེས། །ཨ་མ་འཁོར་བའི་སེམས་ཅན་ཐར་པ་དེ་ཐོབ་ཤོག །ཅེས་པ་འདི་འཛི་དགོན་བཀྲ་ཤིས་ཆོས་གླིང་གི་གྲལ་མཐའ་རུ་གནས་པའི་སློབ་གཉེར་བ་དབང་ཆེན་ནས། བོད་ས་གླང་ལོའི་ཟླ་བ་ ༣ ཚེས་ ༢༢ ཉིན་སློབ་གྲོགས་རྣམས་ཀྱི་སྐྱོ་གདུང་སེལ་བའི་ཆེད་དུ་སྨོན་ཚིག་འདི་བཞིན་བགྱིས་པའི་དོན་དེས་རྒྱལ་བའི་བསྟན་པ་ལ་བྱ་བ་བྱེད་ནུས་པའི་རྒྱུར་གྱུར་ཅིག །