པཎ་ཆེན་ནཱ་རོ་པའི་རྣམ་ཐར།

༈ པཎ་ཆེན་ནཱ་རོ་པ་ནི། ཀཥྨིར་ཁ་ཆེའི་ཡུལ་གྲོང་ཁྱེར་དཔེ་མེད་བྱ་བར། བྲམ་ཟེའི་རིགས་མིང་ནཱ་རོ་ཏ་པ་ཞེས་བྱ་བའི་རྒྱུད། ཡབ་ཁ་ཆེའི་རྒྱལ་པོ་དགེ་བའི་གོ་ཆ༑ ཡུམ་དཔལ་གྱི་བློ་གྲོས་ཀྱི་སྲས་སུ་འཁྲུངས། མཚན་ཀུན་ཏུ་བཟང་པོ། ལྕམ་དཔལ་གྱི་ཡེ་ཤེས་ཏེ་ལྕམ་སྲིང་གཉིས་སོ། །ཆེར་སྐྱེས་ནས་བྲམ་ཟེའི་ལས་དྲུག་ལ་སོགས་པ་ཕྱི་རོལ་པའི་རིག་པའི་གནས་ཐམས་ཅད་ཁོང་དུ་ཆུད། སངས་རྒྱས་ཀྱི་བསྟན་པ་ལ་དད་ནས་བདུད་རྩི་འབྱུང་བའི་གཙུག་ལག་ཁང་ཞེས་བྱ་བར། བྱེ་བྲག་སྨྲ་བའི་འདུལ་བ་འཛིན་པ་ཛི་ན་མི་ཏྲ་ལས་རབ་ཏུ་བྱུང༌། སྡེ་སྣོད་གསུམ་པར་གྱུར་ནས་ཡུལ་དབུས་ནཱ་ལནྡཱར་བྱོན། གནས་བརྟན་ཀླུའི་སྡེ་དང༌། ཨཱ་ཀ་ར་ཤཱནྟི་པ་སོགས་ལས་ཐེག་པ་ཆེན་པོ་གཉིས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཐོས་པ་མཛད། མི་བརྗེད་པའི་གཟུངས་ཐོབ་པས་ལུང་དང་རིག་པ་སྨྲ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་བཀུར། །ནཱ་ལནྡཱའི་མཁན་པོ་མཛད་དེ་བསྟན་པ་ཡུན་རིང་དུ་བསྐྱངས་པས་རྒྱལ་སྲས་ནཱ་ལནྡཱ་པ་ཞེས་གྲགས་ཤིང༌། སློབ་དཔོན་ཙི་ལུ་པ་དེར་བྱོན་ཏེ་དཔལ་དུས་ཀྱི་འཁོར་ལོ་བཤད་པ་ན། དེ་ལ་དུས་ཞབས་པ་ཆེན་པོ་དང༌། འདི་ཉིད་ལ་དུས་འཁོར་ཞབས་ཆུང་བ་ཟེར། དཔལ་དུས་ཀྱི་འཁོར་ལོ་དབང་མདོར་བསྟན་པའི་འགྲེལ་པ། དགྱེས་རྡོར། འདུས་པ་རྒྱུད་ཕྱི་མ་ལ་སོགས་པའི་འགྲེལ་པ་མཛད་དེ། ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོ་ཡ་ཤྭ་བྷ་དྲ་སྟེ་སྙན་གྲགས་བཟང་པོ་ཞེས་ཡོངས་སུ་གྲགས། སྒོམ་པར་བཞེད་ཀྱང་སེམས་བ་འཇོ་བའི་ཡུན་ཙམ་གནས་མ་ནུས་པས། སེམས་ལ་དབང་ཐོབ་པའི་གདམས་པ་ཞིག་དགོས་པར་འདུག་དགོངས་པ་ན། མཁའ་འགྲོ་མ་དང༌། ཡི་དམ་ལྷས་ལུང་བསྟན་པ་ལྟར། རྒྱ་གར་ཤར་ཕྱོགས་སུ་ཏིལླིའི་དྲུང་དུ་བྱོན། ལམ་དུ་དཀའ་ཕྲན་བཅུ་གཉིས་དང༌། མཇལ་ནས་ཀྱང་བསམ་པར་མི་བཟོད་པའི་དཀའ་བ་ཆེན་པོ་བཅུ་གཉིས་སྤྱད་པའི་མཐའ་མར་ལོ་བཅུ་གཉིས་པ་ན། མྱ་ངམ་གྱི་ཐང་ཆེན་པོར་ཁྲིད་དེ་ཆོས་བཤད་པས་མཎྜལ་ཕུལ་ཅིག་གསུང༌། དགའ་དྲགས་ཆུ་བཙལ་བས་མ་རྙེད། ཁྱོད་ཀྱི་ལུས་ལ་ཁྲག་མེད་དམ་གསུངས། དེར་ལུས་ཀྱི་ཁྲག་རྩ་གཏར་ཏེ་ཁྲག་གིས་ཆག་ཆག་བཏབ། མེ་ཏོག་མེད་ནས་རྣ་བ་དང་ཉིང་ལག་གཏུབས་ཏེ་ཚོམ་བུར་བཀོད་པས་ཁྲག་མང་པོ་ཤོར་བས་བརྒྱལ་ལ་ཁད་ན། ཏིལླི་པས་མཆིལ་ལྷམ་ཕུད་དེ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་ལྷམ་དཔྲལ་བར་འཕངས་པ་ཕོག་པས་འགྱེལ། བརྒྱལ་སངས་པ་ན་གསོས། ཆོས་ཉིད་ཀྱི་བདེན་པ་གཟིགས། ས་དང་པོ་བརྙེས། སྙན་རྒྱུད་དང་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་བསྩལ་བས་འདི་ལ་ཕྱིས་ནཱ་རོ་པའི་ཁྱད་ཆོས་སུ་གྲགས། དེ་ནས་བི་ཀྲ་མ་ལ་ཤཱི་ལའི་བྱང་སྒོ་བ་ཛེ་ཏ་རི་སྤྱོད་པ་ལ་གཤེགས་ནས། དེའི་ཚབ་མཛད་དེ་མུ་སྟེགས་མང་པོ་ཚར་བཅད། དེ་དང་པུཥྤ་ཧ་རི་སོགས་སུ་བཞུགས་ནས་གྲུབ་པ་བརྒྱད་དང་ཕྲིན་ལས་བཞི་སོགས་ཀྱི་སྒོ་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་དེ་ཀུན་བཟང་གསང་བའི་སྤྱོད་པས་ས་བདུན་གྱི་བར་བསྒྲུབས། བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས་ཏེ་དག་པའི་ས་གསུམ་མངོན་དུ་མཛད་པའི་མཐར། པུཥྤ་ཧ་རིར་ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་བརྩམས་ཏེ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ནས་སྐུ་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ། །དེ་ལ་རང་གི་ལྕམ་དང༌། སློབ་མ་མཆོག་ཐོབ་པའི་པཎ་ཆེན་བརྒྱ་རྩ་བརྒྱད། དེའི་ནང་ནས་མཆོག་གྱུར་བརྒྱད། བརྟུལ་ཞུགས་སྤྱོད་པའི་སྦྱོར་ལམ་པ་ལྔ་བཅུ་རྩ་བརྒྱད། གཞན་པཎྜི་ཏ་དང་ཀུ་སུ་ལུའི་སློབ་མ་བསམ་གྱིས་མི་ཁྱབ་པའི་ནང་ནས། ཟས་གཙང་སྲས་ཀྱི་འོད་སྲུང་ལྟ་བུ་ནི། རྗེ་མར་པ་ཆོས་ཀྱི་བློ་གྲོས་སོ།  །ཁྱད་པར་ལྕམ་དཔལ་གྱི་ཡེ་ཤེས་ལས་བོད་དུ་ནི་གུ་ཆོས་དྲུག་ཏུ་གྲགས་པ་འདི་བྱུང་ཞིང༌། གྲུབ་པའི་རྒྱལ་མོའང་འདི་ཉིད་དོ། །