ནུབ་དགོན་ཆོས་རྒྱལ་བསོད་ནམས་རྒྱ་མཚོའི་རྣམ་ཐར།

༈ ནུབ་དགོན་ཆོས་རྒྱལ་བསོད་ནམས་རྒྱ་མཚོ་ནི། མདོ་ཁམས་སུ་རབ་བྱུང་བཅུ་པའི་ནང་ཙམ་ལ་སྐུ་འཁྲུངས་ངེས་སྙམ་པ་ལས་འཁྲུངས་གཤེགས་ལོ་ཚིགས་གསལ་པོ་མེད། གྲུབ་དབང་ཀརྨ་བསྟན་འཕེལ་བླ་མར་བསྟེན་པར་གསུངས། ཕྱོགས་མེད་ཀྱི་ཡུལ་གྲུ་གང་སར་བྱར་མེད་ཀྱི་རྣལ་འབྱོར་ལ་རྟག་ཏུ་གཞོལ་ཅིང༌། གོ་འཇོའི་ཤར་ཕྱོགས་རེ་ཁེ་ཀརྨ་ཆོས་ཁྲིར་འགྲོ་དོན་བསྐྱངས་ཤིང་ལོ་ཤས་བཞུགས་རྗེས། ཉིན་ཞིག་ཤིན་ཏུ་མཐོ་བའི་དཔལ་ཡུལ་གྱི་རི་རྩེར་བྱོན་ནས་ནུབ་ཕྱོགས་སུ་བྲག་རི་དཀར་པོ་ཞིག་གཟིགས། དེ་བླ་མས་ལུང་བསྟན་པའི་སྒྲུབ་གནས་ཡིན་པར་མཁྱེན་ནས་ཕ་གི་ལ་དགོན་སྡེ་འདེབས་དགོས་ཀྱི་འདུག་གསུངས་པས། ནུབ་དགོན་ཞེས་པའི་མིང་ཡང་དེ་ནས་ཆགས་པར་བཤད། གནས་དེར་ཕེབས་ལམ་དུ་དགོན་སྡེ་ཚུགས་པའི་རྟེན་འབྲེལ་བཟང་པོ་བྱུང་ཞིང༌། དོམ་ཚོང་རོང་ནས་རིམ་བཞིན་གུ་རུའི་སྒྲུབ་གནས་ཇོ་མོ་བླ་རི་གྲགས་པའི་གནས་དེར་ཞབས་སོར་བཀོད། སྦས་གནས་དེའི་སྒྲུབ་ཕུག་རྣམས་སུ་བླ་སློབ་རྣམས་སྒྲུབ་པ་ཉམས་བཞེས་ལ་བརྩོན་བཞིན་བཞུགས་པས། འདུས་པའི་གྲངས་ཀྱང་འཕེལ་ནས་དགེ་འདུན་གྱི་སྡེ་ཚུགས་ཏེ། ནུབ་དགོན་སྨོན་ལམ་དཔལ་འབྱོར་གླིང་ཞེས་གྲགས་པ་འདི་བྱུང༌། སྐུ་ཚེ་ཡང་རིང་ཙམ་བཞུགས་ཤིང༌། སྒྲུབ་པའི་རྒྱལ་མཚན་བཙུགས་པའི་མཐར་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཞི་དབྱིངས་སུ་གཟིམས་ཚུལ་བསྟན་ཏོ། །སྐུ་ཕྲེང་གཉིས་པ་ཆོས་རྒྱལ་བསོད་ནམས་མཆོག་ལྡན་ནི་དབེན་གནས་ཁོ་ནས་འགྲིམས་ཏེ་སྐུ་ཚེ་དང་སྒྲུབ་པ་མཉམ་པ་མཛད་དོ། །གསུམ་པ་ཆོས་རྒྱལ་བསྟན་འཕེལ་རྒྱ་མཚོ་ནི་མགར་ཁང་ཚང་གི་རིགས་སུ་འཁྲུངས། ཕྱག་རྡོར་བསྙེན་པ་དུང་ཕྱུར་བཅུ་གསུམ་ལྷག་ཙམ་གསུངས་པས་མཐུ་ནུས་ཤིན་ཏུ་ཆེ། གོ་རོང་གི་ཇག་རྐུན་གྱིས་ཀྱང་གླགས་ལྟ་བར་མི་ཕོད་ཅིང༌། འདི་དུས་དགོན་སྡེ་དར་རྒྱས་ཆེན་པོ་བྱུང་ངོ༌། །དེ་ནས་བཞི་པ་ཆོས་རྒྱལ་རིན་ཆེན་རྣམ་རྒྱལ་དང༌། ལྔ་པ་ཆོས་རྒྱལ་སྐལ་ལྡན་བློ་བཟང་སོགས་བྱོན་པའོ། །༼སྐུ་ཕྲེང་དྲུག་པའི་རྣམ་ཐར་ནི་འོག་ཏུ་གསལ།༽

          འདིར་སྨྲས་པ།

ཡོངས་འཛིན་གསེར་ལྡན་མ་ཡི་ཕང་པ་རུ། །

རྒྱལ་དབང་དཔག་བསམ་ལྗོན་པའི་འཁྲི་ཤིང་འཁྲུངས། །

རྒྱལ་ཚབ་མཁས་དང་གྲུབ་པའི་འབྲས་བཟང་སྨིན། །

ལྷར་བཅས་འགྲོ་བའི་མཆོད་སྡོང་གཅིག་པུར་གྱུར། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། མཉམ་མེད་རྗེ་ལྷ་རྩེ་བ་དང་རྒྱལ་དབང་དཔག་བསམ་དབང་པོ་ལས་བརྒྱུད་པའི་གཞུང་འབྲུག་གི་སྐབས་ཏེ་བཅུ་གསུམ་པའོ།། །།