དྲ་མཛོད་དམིགས་ཡུལ།

དེ་ཡང་འཛམ་གླིང་སྣོད་བཅུད་ཀྱི་དཔལ་ཡོན་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད། མཐའ་བརྟན་ཡུན་གནས་ཀྱི་རྒྱུ་ཆ་ཡག་ཤོས་ནི། ནང་བསྟན་རིག་གཞུང་གི་བང་མཛོད་དུ་བཞུགས་ཡོད། འོན་ཀྱང་བཞུགས་ཡོད་པ་ཙམ་གྱིས་མི་ཕན་པས། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ་ཞེས་གྲགས་ལྟར་ཕྱག་ལེན་དུ་གནང་བ་ཤིན་ཏུ་གལ་ཆེ་བ་ནི་སྨོས་མ་དགོས། དེར་བརྟེན་ང་ཚོས་བཤད་གྲྭའི་འཛིན་སྐྱོང་གི་ཞོར་དུ། ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་རང་དང་འབྲེལ་ཡོད་རྒྱུས་མངའ་ཅན་གྱི་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ། སྒྲ་སྙན་རྩིས་རིག་དང་། ཐུན་མིན་མདོ་སྔགས་ཀྱི་གཞུང་བཤད། རྣམ་ཐར་ཁྲིད་ཡིག །ཞལ་གདམས་བསླབ་བྱ། ཆོས་སྤྱོད་འདོན་ཆ་སོགས་རྒྱ་བོད་ཀྱི་དཔེ་གསར་རྙིང་སྣ་མང་ཞིག་སྟབས་བདེའི་ངང་ཀུན་ལ་སྤྱན་བསྟར་འབུལ་ཐུབ་ན་བསམ་པ་ནི་ང་ཚོས་དམིགས་ཡུལ་ཡིན། ལས་གཞི་འདི་ཧ་ཅང་རྒྱ་ཆེ་བའི་ཁར་ཞོར་ལས་ཙམ་དུ་གྱུར་པས་རྒྱ་ཆེན་པོ་ཞིག་འགྲུབ་དཀའ་ནའང། གང་ཐུབ་ཐུབ་གསར་བསྒྲིགས་ཀྱིས་འཕྲུལ་དེབ་ཐོག་ཁྱེད་ཚོར་རིན་མེད་དུ་ཕུལ་བ་ལགས་ན། གཟིགས་ཞིབ་དང་རྒྱུས་ལོན་མཛད་གྲུབ་པའི་རེ་བ་བཅས། འཛི་སྒར་དྲྭ་མཛོད་རྩོམ་སྒྲིག་ཁང་ནས།