ཙ་རི་ཏ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར།

༈ ཙ་རི་ཏ་པ་མི་བསྐྱོད་རྡོ་རྗེའམ་གཞོན་ནུ་བྱང་ཆུབ་ནི། སྐུ་འཁྲུངས་པའི་ཡུལ་མདོ་ཁམས་སྟོད་ཀྱི་བར་ཕྱོགས། གདུང་བྲབ་ཤིའི་ནང་ཚན་བྲབ་པར། ཡབ་སྒོམ་པ་ཨ་སྒོམ་དང༌། ཡུམ་རྣལ་འབྱོར་མ་རིན་ཆེན་བྱ་བ། རིགས་བཟང་བ་ལ་སྲས་ལྕམ་སྲིང་གཉིས་ལས། རབ་བྱུང་གསུམ་པའི་ལྕགས་སྤྲེལ་༼༡༢༠༠༽ལོར་འཁྲུངས། སྐུ་བྱད་ཤིན་ཏུ་མཛེས་ལ། ཐུགས་རྒྱུད་འཇམ་པ། རིག་པ་གསལ་ཞིང༌། ཀུན་གྱི་ཡིད་དུ་འོང་བ་ཞིག་ཆུང་ངུ་ནས་མངའ། དགུང་ལོ་གསུམ་བཞི་ནས་ཡི་གེ་བརྗེད་སློང་ཙམ་གྱིས་མཁྱེན་པར་བྱུང༌། དེ་ནས་ཡུམ་གྲོངས་ནས། ཡབ་ཀྱིས་ཇོ་མོ་ཞིག་བླངས། ཁོང་མཁས་པའི་མ་དྲུག་བྱ་བ་ལ་ཀློག་སློབ་ཏུ་བཏང་བས་དཀའ་ཚེགས་མེད་པར་མཁས་པའི་ཚད་དུ་ལོངས། དེ་ནས་ལོ་བདུན་ལོན་པ་ན་ཚུར་བྱོན་ནས་ཡབ་དང་བཅས་པ་ཟླ་སྨད་སྟག་ཕུ་ན་བཞུགས། ཆབ་མདོ་བ་འབེ་ཁྲོ་རྒྱལ་གྱི་ཀློག་མཆོད་བྱས། དགུ་ནས་དེར་ཀློག་མཆོད་ཀྱི་དབུ་འཛིན་མི་ཐོབ་པ་བྱུང༌། ལྷ་བྲིས་ཀྱང་ལེགས་པོ་ལོབ་ནས་ཡོན་ཆེན་དེས་ལྷ་ཁང་བཞེངས་པའི་སར་ཡང་ལྷ་བྲིས་ལ་ཚུད། བཅུ་དྲུག་ལ་བླ་མ་རིན་པོ་ཆེ་རྡོ་གསོལ་བ་ཁམས་སུ་ཕེབས་ནས། ཆབ་མདོ་བས་གདན་དྲངས་ནས་དབང་བསྐུར་དང་ཆོས་འཁོར་མཛད་པའི་སར་ཞལ་མཇལ་བ་ཙམ་གྱིས་ལས་འཕྲོ་སད་པའི་དགའ་བ་སྐྱེས། ཕྱག་ཕྱིར་འབྲང་ཞིང་སློབ་གཉེར་ཡང་ཞོར་ལ་མཛད། བདེ་མཆོག་གི་དབང་བསྐུར་གནང་ནས་གསང་མཚན་མི་བསྐྱོད་རྡོ་རྗེར་བཏགས། སྒྲུབ་ཐབས་སྐོར་ལྔ་སོགས་པའི་བཀའ་ལུང་གནང་ནས་ཕྱག་བཞེས་ལ་མཁས་པར་བསླབས། དེ་དུས་ཕལ་ཆེར་ཉེ་གནས་མཛད་ཅིང༌། ཞོར་ལ་སྒྲུབ་པ་ཡང་སྐབས་སྐབས་ལ་བྱས། རིན་པོ་ཆེ་ཐུགས་གཏུམ་ལ་ཞལ་ཚ་ཡང༌། ཐུགས་དགྱེས་ནས་བསགས་སྦྱང་གི་ཁྲིད་གནང་ཞིང༌། ཉམས་ལེན་བྱེད་ཙ་ན་ནུབ་གཅིག་རང་གི་ལུས་གཅེར་བུར་ས་གཞི་ལ་འདུག་ནས་ཁྲུས་བྱས་ཙམ་ན། ཉི་མ་ཚ་ལྷག་གིས་ཤར་བའི་འོད་ཟེར་གྱིས་ལུས་ཀྱི་ཤ་ཐམས་ཅད་ནག་ནུར་གྱིས་ཚིག་ནས་རུས་པ་དཀར་སང་གིས་སོང་བ་ཞིག་རྨིས། གཞན་ཡང་ཆོས་དང་མཐུན་པའི་རྟགས་མང་དུ་བྱུང༌། བཅོ་བརྒྱད་ལ་ཕྱག་ཆེན་གྱི་ཁྲིད་ཞུས་ནས་བསྒོམས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པས་བླ་མ་ཡང་མཉེས། རི་ཁྲོད་དུ་སྐུ་མཚམས་དང་སྐབས་སུ་ཉེ་གནས་ཀྱང་མཛད། རྗེ་དུས་མཁྱེན་གྱི་བུ་ཆེན་སེང་གེ་སྐལ་ལྡན་བྱ་བ་ཞིག་གིས་རིན་པོ་ཆེའི་དྲུང་དུ་ཚོགས་འཁོར་བྱས་པའི་གྲལ་དུ་ཆོས་ཀྱི་དྲི་བ་བྱས་པ་ལ༑ ཁོང་ཕྱིའི་ཤེས་རབ་དང་ཐོས་པ། ནང་གི་རྟོགས་པ་འཛོམས་པས་གང་ལ་ཡང་ཐོགས་པ་མེད་པས་ཁོང་པ་ཡང་ཤིན་ཏུ་མཉེས། དེ་ནས་རབ་ཏུ་བྱུང་བའི་མཚན་གཞོན་ནུ་བྱང་ཆུབ་བྱ་བར་བཏགས། འདུལ་བའི་སྡེ་སྣོད་འགའ་ཞིག་མཁྱེན་པར་མཛད། རེས་གཅིག་གོས་མེད་པ་ལ། ཡབ་ཀྱིས་བེར་གཅིག་དང༌། ཕྱིང་པ་གཅིག་བསྐུར་བྱུང་བར། བེར་དེ་བླ་མ་ལ་ཕུལ། ཕྱིང་པ་དེ་གོན་ནས་ལྡོམ་བུ་མཛད་ཅིང༌། རྒྱལ་ཁམས་བལྟ་དགོངས་ནས་ལྷོའི་རྟ་ཤོད་ནས་སྐྱིད་ཤོད་བར་ཕྱིན། དེའི་དུས་བླ་མ་སངས་རྒྱས་མངོན་སུམ་དུ་བཞུགས་པའི་དྲུང་དུ་མི་སྡོད་པར་ཡུལ་ཁམས་འགྲིམས་པ་ལ་དགོས་པ་ཅི་ཡོད་སྙམ་པས་ཚུར་ལོག་ནས། དར་ཡུག་བཟང་པོ་ཞིག་རྙེད་པ་ཕྱག་རྟེན་དུ་ཕུལ། རྩ་རླུང་གི་ཁྲིད་ཞུས་ནས་བསྒོམས་པས་རས་ཐུབ་བྱུང༌། དེ་ནས་འཕོ་བ་དང་གྲོང་འཇུག་ལ་སྦྱངས་པས་མངོན་དུ་ནི་མི་ཐིང་གསུངས། དེ་ནས་ཟློག་སྒོམ་ཞུས་ཏེ། བླ་མ་ལ་རྟོགས་པ་ཕུལ་བས་ཁྱོད་ལ་རྟོགས་པ་ཅིག་ཅར་དུ་ཤར་བ་ཡིན་གསུངས་ནས་ཤིན་ཏུ་མཉེས། བྱ་བ་གང་ལ་ཡང་མགུར་ཤར་རེ་མཛད་པས། བླ་མའི་ཞལ་ནས་རི་ཆུང་བ་ཁྱོད་ལ་མགུར་གྱི་བཀའ་བབ་པ་ཡིན་ཡང་གསུངས། མགུར་མའི་ཚོགས་ནི་དཔག་ཏུ་མེད་པ་ཞིག་བཞུགས། ཆ་རྐྱེན་མེད་ཀྱང་རྙེད་ཚོལ་མ་བྱས་པར་སྒྲུབ་པའི་ཞབས་ཏོག་བྱས་ན་བླ་མ་མཉེས་སྙམ་ནས་ཞོ་ཏི་སྒང་དུ་ཟླ་བ་དགུ་འདག་སྦྱར་བྱས། སྐབས་སུ་རི་ཁྲོད་ལ་བཞུད་ནས་དགེ་སྦྱོར་གྱི་གཙོ་བོ་ཕྱག་ཆེན་ལ་ཉམས་རྟོགས་ཀྱི་རྩལ་སྦྱངས་པས་ཡོན་ཏན་གྱི་རྩལ་ཀ་ཤིན་ཏུ་ཆེ་བར་བྱུང༌། དེ་ནས་ཡོན་བདག་རི་ཏོ་སྤྱི་དཔོན་སྨོན་པ་གྲགས་ཀྱིས་བླ་མ་ལ་ཞུ་སྣ་བྱས་ནས། བན་གཙོམ་ལྷ་མོ་སྐྱབས་ཀྱི་བླ་མཆོད་ལ་རིན་པོ་ཆེ་པས་རོབ་ཏུ་བརྫངས། རོབ་སྟོད་ལྕིག་རྨ་བྱ་བའི་རི་ལ་སྤྱིལ་བུ་ཕུབ་ནས་བཞུགས། སྐབས་སྐབས་སུ་རིན་པོ་ཆེ་པའི་དྲུང་དུ་བྱོན་ནས་འབྲུག་པའི་སྡོང་པོ་སུམ་སྒྲིལ་གྱི་གདམས་པ་ཟབ་དོན་རྣམས་ལ་བརྡར་ཤ་བཅད། དབང་བཀའ་མན་ངག་ཁྱད་པར་ཅན་རྣམས་རྫོགས་པར་ཞུས། ཆོས་ཕྱི་ནང་གི་སྒྲོ་འདོགས་ཐམས་ཅད་ཆོད་པར་མཛད། རེས་གཅིག་ན་རི་ཆུང་བ་ཁྱོད་བཞི་བཅུ་ལོན་ཙམ་ན། ཀློ་མོན་གྱི་ཡུལ་དུ་སོང་དང་གདུལ་བྱ་སྨིན་གྲོལ་མང་པོ་ཡོང༌། ཚེ་ལ་ཡང་བར་ཆད་མེད་པར་མཐར་ཕྱིན་ཞེས་པའི་ལུང་བསྟན་ཡང་མཛད།

རོབ་ཏུ་བཞུགས་པའི་སྐབས་ཤིག་ལ། བླ་མ་སྐུ་གཤེགས་པའི་ངག་བྱུང་ནས་ཞོ་ཏིར་བྱོན། གདུང་གི་ཞབས་ཏོག་དང་མཆོད་འབུལ་ཞེ་ཚིམ་པ་བྱས། དེའི་ཚེ་སྒྲོ་བླ་མ་ཤེལ་དིལ་བ་དབུ་མཛད་ཡོན་མཆོད་རྣམས་ཀྱིས་ཞུས་པ་གསན་ནས་ཞོ་ཏིའི་གདན་ས་ལོ་གསུམ་མཛད། དེ་ནས་གྲོགས་དམ་པ་བླ་མ་ཤེས་རབ་བློ་གྲོས་ལ་ཞོ་ཏིའི་གདན་ས་གཏད་ནས། ཙ་རི་ཏའི་རི་ཁྲོད་སྤང་ཕུག་ཏུ་བྱོན་ནས་ལོ་ལྔ་བཞུགས། དེའི་སྐབས་སུ་ཞོ་ཏིའི་གདན་ས་བ་དང་གྲོགས་མཆོད་གཉིས་ཀ་ལ་གོང་དུ་གདན་དྲངས་ནས། བླ་མ་ཤེལ་དེལ་བས། ཁྱོད་རྣམ་གཉིས་ལྟ་བུ་བསྙེན་རྫོགས་མཛད་ན་བསྟན་པ་ལ་ཕན་པ་ཡིན་གསུངས་པ་ལ་བརྟེན་ནས་གླིང་ཀློང་དུ་བྱོན། རྣམ་པ་གཉིས་ཀ་བསྙེན་རྫོགས་མཛད་ནས་གདན་ས་བ་ཞོ་ཏིར་བྱོན། བླ་མ་ཙ་རི་ཏའི་བྲག་ལ་རི་ཁྲོད་ཁོ་ན་མཛད་ཅིང་བཞུགས་པས་དགེ་སྦྱོར་ལ་བོགས་ཐོན། འོད་གསལ་རྒྱུན་ཆད་མེད་པར་མཉམ་བཞག་དང་རྗེས་ཐོབ་དབྱེར་མེད་དུ་འདྲེས། སྟོང་པ་དང་སྙིང་རྗེ་གཉུག་མ་རྒྱུན་ཆད་མེད་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་མཐར་ཕྱིན། དེའི་ངང་ནས་རྟེན་འབྲེལ་སྣ་ཚོགས་ཐུགས་ལ་ཤར་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་སྟོན་པ་ལ་མཁས་ཤིང༌། ཇི་སྙེད་མཁྱེན་པའི་ཡེ་ཤེས་མངའ་བས་མཁྱེན་པ་གཉིས་དང་ལྡན། ཡི་དམ་གྱི་ལྷ་དངོས་སུ་མཇལ་བ་ནི་མང་དུ་འདུག་ཀྱང་འདིར་མ་བརྗོད་དོ། །ཙ་རི་ཏའི་བྲག་སྐེད་དུ་རྩ་རླུང་གི་ཆོས་ཉམས་སུ་བླངས་ནས་བཞུགས་པའི་ཚེ། སྒྱུ་མའི་ལུས་འདི་ཉིད་ཧེ་རུ་ཀར་མངོན་དུ་གྱུར་ནས་འཛམ་བུ་གླིང་གི་མི་ཐམས་ཅད་སྨིན་གྲོལ་ལ་འགོད་པར་བྱའོ་སྙམ་པ་ཡང་བྱུང༌། དེ་ནས་བུ་སློབ་དང་ཡོན་བདག་ཀྱང་རང་ཤུགས་ཀྱིས་ཇེ་མང་དུ་སོང་ནས། ཚོགས་པ་ཡང་བདུན་བརྒྱ་ཙམ་འདུས་པ་རྣམས་གསང་སྔགས་སྨིན་གྲོལ་གྱི་སྒོར་བཙུད། གཞན་ཡང་ཕྱོགས་ནས་བཤེས་གཉེན་མང་དུ་བྱོན་པས་སྒྲོ་འདོགས་གཅོད་པ་བྱས། དེ་ནས་བླ་མའི་གདུང་རྟེན་བཀྲ་ཤིས་སྒོ་མང་གསུམ་བཞེངས་ནས། སློབ་རིས་ཐམས་ཅད་ཚོགས་ཏེ་རབ་གནས་ཚུལ་བཞིན་མཛད། སྔོན་རྒྱ་གར་ན་བྲམ་ཟེར་སྐྱེས་པ་དང༌། བླ་མ་ཡི་དམ་ཆོས་སྐྱོང་གི་ཞལ་གཟིགས་ནས་བསྟོད་དབྱངས་སོགས་མཛད་པ་ནི་མང་དུ་འདུག །སྤྱིར་ཙ་རི་ཏ་ན་ལོ་བཅོ་བརྒྱད་བཞུགས། ཡོན་བདག་གིས་ཞུ་བ་ཡང་ཡང་ཕུལ་བས། ལ་གོང་དུ་དགོན་པ་མཛད་ནས་སྐབས་སྐབས་སུ་བཞུགས། དེ་ནས་ཡུལ་ཁམས་སུ་ཧོར་བྱུང་ནས་མ་བདེ་བ་ལ། སྔོན་བླ་མའི་ལུང་བསྟན་པ་ལ་དགོངས་ནས། ལྷོ་མོན་ལ་བཞུད་པར་དགོངས་ཀྱང་མ་ཐིང་ནས། རི་ཏོ་སངས་རྒྱས་འཕེན་གྱིས་ཕུལ་བའི་མཁར་མདོར་ཡོན་མཆོད་གཉིས་ཀས་མཁར་ལེན་དང༌། ཙ་རི་ཏའི་སྒོམ་ཆེན་རྣམས་ཀྱི་སྒྲུབ་རྒྱགས་ལ་དགོངས་ནས་ཞིང་ཐ་བ་ཡང་བཏུལ། ཚོགས་པ་ཡང་བསྐྱངས། དེའི་དུས་རྟ་སྟོན་བྱ་བའི་སྔགས་གསར་རྙིང་གང་ཡང་མཐར་ཐོན་ཤེས་པའི་མཆོད་གནས་ཤིག་བྱུང་ནས་ཉེ་གནས་བྱས། རྣལ་འབྱོར་པ་སྤྱོད་པ་བག་ཡངས་ལ་མ་དད་པ་བག་རེ་བྱུང་ཡང༌། ཆོས་ཕྱི་ནང་གི་མཁྱེན་རྒྱ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བཞུགས་པ་ལ་ཞེ་ཆགས་ནས། ཆོས་ཁྲིད་རྣམས་རིམ་པ་བཞིན་དུ་ཞུས་ནས་བསྒོམས་པས་ཉམས་བཟང་པོ་བྱུང་ཡང༌། མོས་གུས་ལ་འཕེལ་འགྲིབ་ཇི་ལྟར་བྱུང་བ་བཞིན་དུ་དགེ་སྦྱོར་སྐྱི་བྲི་དེ་ལྟར་དུ་བྱུང༌། དེ་ནས་སྔོན་འོ་སྐོལ་གཉིས་སྐྱེ་བ་བཞིའི་གོང་ནས་དཔོན་སློབ་ཀྱི་འབྲེལ་བ་ཡོད་གསུངས་པས། མོས་གུས་ཆེན་པོར་གྱུར་ནས་ཕྱག་ཕྱིར་འབྲང་ཞིང་བསྒོམས་པས་ཕྱག་རྒྱ་ཆེན་པོའི་རྟོགས་པ་འཁྲུངས། གདམས་པའི་ལྷག་མ་རྣམས་ཚར་བར་མཛད། རྟ་སྟོན་གྱིས་ང་ལྷོ་མོན་གྱི་མཐའ་ཞིག་ཏུ་འགྲོ་ཞུས་པས། འོ་ན་འདི་ལྟ་བུ་ཞིག་ཏུ་སོང་དང་འགྲོ་དོན་ཅུང་ཞིག་འབྱུང་བའི་ལུང་བསྟན་མཛད་པ་ལྟར་སྤུ་ཁྲང་དུ་བྱོན། མཚན་ཁྲང་བ་བྲག་པ་ཞེས་སྙན་པས་ཕྱོགས་ཐམས་ཅད་ཁྱབ་ཅིང༌། སྤུ་བོ་སོགས་ཀྱི་གདུལ་བྱ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། འགྲན་མེད་ཀྱི་རྣལ་འབྱོར་པ་ཆེན་པོ་འཕགས་པ་རྟ་སྟོན་ཞེས་ཡོངས་སུ་གྲགས་པ་བྱུང་ངོ༌། །བླ་མ་ནི་བཞུགས་གནས་ཀྱི་གཙོ་བོ་ཙོ་ཏོ་རི་ལ་མཛད་ཅིང༌། ཡོན་བདག་རྣམས་ཀྱིས་ཕུལ་བའི་བཞའ་ཀག་དགོན་དང༌། རས་ནེའི་དགོན་རྣམས་སུ་ཡང་སྐབས་སྐབས་སུ་བཞུགས་ནས། ལ་རོབ་ཟླ་ངོམ་གྱི་སློབ་རིས་ཐམས་ཅད་ལ་ཟབ་ཁྲིད་གང་ལ་གང་འོས་སུ་གནང་བས། རབ་ཕྱག་ཆེན་ངོ་འཕྲོད་པ་དང༌། འབྲིང་སྨིན་གྲོལ་གྱི་ལམ་ལ་ཚུད་པ་དང༌། ཐ་མ་སྐྱབས་འགྲོ་སེམས་བསྐྱེད་ལ་བཀོད་དོ། །སད་རུ་བཟའ་འཛུམ་མེ་ཇོ་མོར་བླངས་པ་ལ། འགའ་ཞིག་མ་དད་སྐུར་པ་བཏབ་པས། གང་ལ་ཡང་མི་དགྱེས་པ་མེད་པར་སྣང་སེམས་ཟུང་འཇུག་ཆོས་སྐུར་ཤར་བ་ལ་དགག་སྒྲུབ་གང་ཡང་མེད་གསུང༌། སྐུ་ཁམས་ལོ་གསུམ་ལ་མ་བདེ་ཡང་མི་གནོད་པ་ལྟར་མཛད་པའི་མཐར་རས་ནེ་དགོན་དུ་བྱོན་ཏེ། ཁོ་བོ་ཤར་ཕྱོགས་མངོན་དགར་མི་འཁྲུགས་པའི་ཐུགས་ཀྱི་སྲས་སུ་འགྱུར་ཞིང༌། འདིའི་གདུལ་བྱར་གྱུར་པ་རྣམས་ཀྱིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ་དང༌། ཞིང་དེར་ངེས་པར་སྐྱེས་ནས་ང་དང་མཇལ། མི་འཁྲུགས་པས་རྗེས་སུ་བཟུང་སྟེ། ཕྱིར་མི་ལྡོག་པའི་ས་ལ་སྐྱེ་བར་ངེས་སོ། །ཞེས་ཞལ་ཆེམས་ཟིན་རིས་སུ་རྒྱས་པར་གནང་ནས། དགུང་ལོ་དོན་བརྒྱད་པ་མེ་གླང་༼༡༢༧༧༽ལོའི་སྟོན་འབྲིང་ཉེར་དྲུག་ནས་བླ་མ་ཡི་དམ་མཁའ་འགྲོ་གཟིགས་སྣང་དཔག་ཏུ་མེད་པ་བྱུང་བ་ལ། ཞག་གཉིས་ཀྱི་བར་དུ་ཡང་ནས་ཡང་དུ་མཆོད་པ་དང་གསོལ་འདེབས་མཛད་ཅིང༌། ཉེར་བརྒྱད་ཀྱི་ཉི་མ་རི་རྩེར་ཤར་བའི་ཚེ་ཆོས་ཀྱི་དབྱིངས་སུ་སྐུ་ཡལ་བ་ན། སྐུ་བཀྲག་མདངས་དཀར་ལམ་གྱིས་དར་ལ་བབ་པའི་ཚོད་ཙམ་དུ་མཛེས་པར་གྱུར། དེ་ནས་ཞག་བདུན་སོང་བ་ན། སྐུའི་རྩ་བ་ནས་ཤར་ཕྱོགས་སུ་འོད་དཀར་ཧྲིལ་ལེ་བ་འཕྲོ་བ་སོགས་ངོ་མཚར་མང་པོ་བྱུང༌། སྐུ་གདུང་ཞུགས་ལ་སྦྱངས་པ་ན། དུར་ས་ཐམས་ཅད་དྲི་ཞིམ་དུ་གྱུར་ནས་འཇའ་འོད་ཀྱིས་གཏིབ་པ་དང༌། ཐུགས་མ་ཚིག་པར་བྱོན། གཞན་ཡང་བདེ་མཆོག །རྡོ་རྗེ་རྣལ་འབྱོར་མ། དུང་གཡས་འཁྱིལ། རིང་བསྲེལ་ཁ་དོག་སྣ་ཚོགས་དཔག་ཏུ་མེད་པ་བྱོན། དེའི་སློབ་མ་ཉམས་རྟོགས་དང་ལྡན་པའི་དམ་པ་མང་དུ་བྱུང་བའི་ནང་ནས་གཙོ་བོ་ནི་དགོན་གྱིས་མཚན་དུ་གསོལ་བ་དཔལ་ཁང་པ་ཡིན་ནོ། །