དཔལ་ཁང་ཆོས་ཀྱི་གྲགས་པའི་རྣམ་ཐར།

༈ དཔལ་ཁང་པ་ཆོས་ཀྱི་གྲགས་པ་ནི། འཁྲུངས་པའི་ཡུལ་ངོམ་རུ་ཐོག །གདུང་ཏོང་གཡུ་ཚང༌། ཡབ་ཕུར་བུ་བྱ་བ་ལོངས་སྤྱོད་ཆོས་ལྡན་དུ་བྱོན་པ་དང༌། ཡུམ་སེང་གེ་བཟའ་གཉེན་མོ་བྱ་བ་རིགས་བཟང་ཞིང༌། དཀོན་མཆོག་ལ་དད་པ་ཞིག་ལ་སྲས་གཉིས་ཡོད་པའི་གཅེན་པོ། ལྷུམས་ན་ཡོད་པའི་ཚེ་ཡང་རྨི་ལམ་དང་ལྟས་བཟང་བ་བྱུང༌། རབ་བྱུང་བཞི་པའི་ལྕགས་ཕག་༼༡༢༥༡༽ ལོར་སྐུ་འཁྲུངས་པའི་དུས་ཟུག་མེད་ཅིང་བདེ་བར་བཙས། ཟླ་སྐྱེད་བས་ཞག་སྐྱེད་ཆེ་བར་བྱུང༌། དགུང་ལོ་ལྔ་དྲུག་ལོན་པའི་སྐབས་སུ་ནུབ་ཅིག་བུད་མེད་རྒྱན་ཅན་ཞིག་གིས་ཐོད་པ་ལྕང་ལོ་ཅན་ཞིག་གི་ནང་དུ་བདུད་རྩི་ཡིན་ཟེར་བའི་ངང་ནས་རོ་ཁ་བ་ཞིག་བྱིན་པས་གསོལ་བར་རྨིས། དེ་ཕྱིས་དངོས་གྲུབ་ཐོབ་པའི་ལྟས་སུ་འདུག་གསུང༌། བྱིས་པ་རོགས་དང་སྟབས་སུ་ཤིང་ལ་བྱོན་པའི་སར། སེམས་རང་བཞིན་གྱིས་མི་གཡོ་བའི་ཏིང་ངེ་འཛིན་བྱུང་ཡང་ངོ་མ་ཤེས། ཡི་གེ་བསླབས་པས་ཡུན་མ་ཐོགས་པར་ཤེས། དེ་ནས་འཁོར་བ་ལ་སྐྱིད་མེད་པའི་སྐྱོ་ཤས་དྲག་པོ་སྐྱེས་ནས། གཏོགས་ལྟ་དགོན་དུ་བན་བྲོས་ལ་བྱོན། མཁན་པོ་རིན་ཆེན་གྲགས་པའི་དྲུང་དུ་རབ་ཏུ་བྱུང༌། མཚན་ཆོས་ཀྱི་གྲགས་པ་བཏགས། དགེ་ཚུལ་གྱི་བླང་འདས་སོགས་འདུལ་བ་དང༌། སྤྱོད་ཕྱོགས་དང༌། སེམས་ཙམ་ལུགས་ཀྱི་སེམས་བསྐྱེད་ཞུས། མཁན་པོ་དེ་ཉིད་ལ་བདེ་མཆོག་གི་དབང་བསྐུར་ཞུས་ནས་དམ་ཚིག་གི་ཆོས་སྐོར་རྣམས་གསན་ནས། ལམ་སྐས་ཀྱི་རིམ་པ་བཞིན་དུ་དྲིལ་ནས་ཉམས་སུ་བླངས། ཀརྨ་པའི་ཞལ་སློབ་ཅིག་ལས་སྐུ་གསུམ་ངོ་སྤྲོད་ཀྱི་ཁྲིད་ཞུས་ནས་བསྒོམས་པས་བདེ་དྲོད་སྐྱེས་ནས་གོས་རས་རྐྱང་གིས་ཆོག་པ་དང༌། སེམས་གསལ་སྟོང་མཐའ་དབུས་མེད་པའི་ཏིང་ངེ་འཛིན་སྐྱེས། རྗེ་ཀརྨ་པ་རང་བྱུང་རྡོ་རྗེ་དང་མཇལ་ནས་རྒྱལ་བ་རྒྱ་མཚོ་དང་ངོ་སྤྲོད་ཀྱང་གནང༌། སྔར་ཏིང་ངེ་འཛིན་སྐྱེ་ཚུལ་གྱི་ཉམས་ཕུལ་བས། དེ་ལྟར་ཡིན། ད་མོད་ལ་སྒོམས་གསུང༌། དེ་ནས་སྤྱན་སྔ་སྟག་ཤོད་པ་དང༌། གུར་དཀར་བ་དང༌། དཀར་ཏི་སྤྱན་སྔ་རྣམས་ལ་ཡང་ཆོས་འབྲེལ་རེ་ཞུས། གླ་ཕུ་ན་མཁན་པོ་རིན་ཚུལ་ལས། ཕྱག་ན་རྡོ་རྗེའི་དབང་མན་ངག་དང་བཅས་པ་ཞུས་ནས་བསྙེན་པས་རྟགས་བརྒྱད་ཕལ་ཆེར་ཚང་བར་བྱོན། དཔལ་མོ་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ཡང་གསན། སློབ་དཔོན་རས་པ་དང་མཇལ་ནས་ཆོས་དྲུག །བྲུལ་ཚོ་སོགས་རྩ་རླུང་གི་གདམས་པ་འགའ་རེ་གནང༌། ཁོང་གིས་རྗེ་སྤྱན་སྔའི་ཡོན་ཏན་བཤད་པ་ཙམ་གྱིས་ཐུན་མོང་མ་ཡིན་པའི་དད་པ་ཁྱད་པར་ཅན་སྐྱེས་ནས། སྤྱན་སྔ་བའི་དྲུང་དུ་སོང་ནས་མཇལ། རང་གི་ཉམས་མྱོང་གི་རིམ་པ་ཞུས་པས། ད་སྔོན་འགྲོའི་ཁྲིད་མི་དགོས་པར་འདུག་གསུངས་ནས། ཕྱག་ཆེན་གྱི་ཁྲིད་བཏབ་ནས་བསྒོམས་པས། སྔར་གྱི་ཉམས་མྱོང་ཐམས་ཅད་ཕྱི་ཤུན་དང་སྦུན་པར་སོང་ནས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་བོ་སྙིང་ལ་སྙིང་པོ་བཅུག་པ་ལྟར་རང་ངོ་རང་གིས་ཤེས་པ་བྱུང༌། དེ་ནས་གསང་སྤྱོད་ཀྱི་ཁྲིད་གནང་ནས། རི་ཁྲིད་གཉན་དགུ་ཐམས་ཅད་འགྲིམས་ཤིང༌། འཁྲི་བ་བཙན་ཐབས་སུ་བཅད་ནས་བསྒོམས། སྤུ་བོ་རུ་ཕྱིན་ནས་སློབ་དཔོན་རྟ་སྟོན་ལ་ཉམས་འབུལ་བྱས་པས། ཁོང་ཤིན་ཏུ་དགྱེས་ནས་ཁྱོད་དུག་པོ་ཞིག་གྱོན་ལ་རི་ཁྲོད་འགྲིམས་ལ་སྒོམས་གསུངས། དེ་ནས་སྤུ་བོ་རི་ལ་བདུད་རྩིའི་བཅུད་ལེན་བྱས་ནས་བསྒོམས་པས་ཕྱི་རོལ་གྱི་སྣང་གྲག་ཐམས་ཅད་སེམས་ལྷན་ཅིག་སྐྱེས་པའི་ངང་དུ་རོ་གཅིག་ཐ་མི་དད་པ་སྐྱེས་ནས། ལྟ་བ་རྟོགས་པའི་མགུར་ཡང་མཛད། ངོམ་སྟོད་ན་རྗེ་སྤྱན་སྔ་བའི་དྲུང་དུ་བྱོན་ནས་བདེ་མཆོག་བཅུ་གསུམ་མ་དང༌། རོ་སྙོམས་ཀྱི་སྐོར་ཞུས། ཉམས་མྱོང་རིག་པའི་ཡེ་ཤེས་འབར་བས་རོ་སྙོམས་ཀྱི་སྤྱོད་པ་མཛད་ཅིང་བྱོན། སྐྱག་སྟ་མཚོ་ནག་ན་བུད་མེད་ཅིག་གི་རོ་བཤས་ནས་བཞེས་པས་དངོས་གྲུབ་གྱུར་པར་བྱུང༌། གཞན་ཡང་རི་གཉན་དང༌། ས་གཉན་ཐམས་ཅད་འགྲིམས་ཤིང༌། རོ་སྙོམས་ཀྱི་གསང་སྤྱོད་མཛད་པས། ལྷ་འདྲེ་ཐམས་ཅད་དབང་དུ་འདུས་ནས་དངོས་གྲུབ་སྟེར་བ་དཔག་ཏུ་མེད་པ་བྱུང༌། གཙང་བཙོག་དང་ངོ་ཚའི་རྟོག་པ་ཐམས་ཅད་དང་བྲལ་ཞིང༌། ཕྱི་རོལ་གྱི་སྣང་བ་ཐམས་ཅད་སྒྱུ་མར་སྣང་ཡང༌། ནང་སེམས་ཉིད་གཉུག་མའི་ངང་དུ་རོ་གཅིག་པར་རྟོགས། གྲོང་ཡུལ་དུ་རྒྱུ་ནས་སྨྱོན་པ། མཛེ་བོ། ནད་པ་ཐམས་ཅད་ལ་བྱིན་རླབས་མཛད་ཅིང༌། བདེ་སྡུག་མཐོ་དམན་རེ་དོགས་ཐམས་ཅད་ལ་ཟློག་སྒོམ་དང་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་པས་ཐུགས་དམ་ལ་བོགས་ཐོན་ཆེ་ཞིང༌། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་བྱུང༌། རྗེ་བཙུན་སྤྱན་སྔ་བ་སོགས་བླ་མ་རྣམས་ལས་དབང་བྱིན་རླབས། གཞུང་མན་ངག་ཐམས་ཅད་ཀྱི་རིམ་པ་མང་ཞིག་གསན་ནས། རང་དོན་མཐར་ཕྱིན་ཡང༌། གཞན་དོན་ཐུགས་རྗེས་མི་གཏོང་བའི་ཕྱིར། སྔོན་རྗེ་བཙུན་སྤྱན་སྔས་ལུང་བསྟན་པ་ཡབ་བཀྲ་ཤིས་ཁང་པའི་དགོན་པ་མཛད་ནས་ཕྱག་ཕེབས། དེར་དད་ཅིང་འདུས་པའི་འཁོར་ལ་གདུལ་བྱའི་བློ་ཚོད་དང་སྦྱར་བའི་ཆོས་གསུངས་ཤིང་འགྲོ་བའི་དོན་མཛད། དེ་ཡང་བླ་མའི་ཕྱག་བཞེས་ལྟར། དང་པོ་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར། སྨིན་པ་གྲོལ་བར་བྱེད་པའི་བསྐྱེད་རྫོགས་ཀྱི་ཁྲིད། དེ་ལ་སྲུང་མཚམས་ཀྱི་དམ་ཚིག་ལེགས་པར་བསླབས་ནས། བླ་མའི་མོས་གུས་གཞིར་བཟུང༌། ཐུབ་པ་ལྔའི་ཁྲིད་ཉམས་སུ་འཁྱེར། དབང་པོའི་འཆར་ཚུལ་དང་བསྟུན་ནས་ས་མཚམས་འབྱེད་པར་སྟོན། དམར་ཁྲིད་མ་རྫོགས་པར་དཔེ་དང་ཚིག་སྡུད་དུ་མ་སོང་བར་མཛད། ཉམས་རྟོགས་པ་མཚམས་མ་ཕྱེ་བ་ལ་ངོ་སྤྲོད་བྱ་ཤོར་དུ་མ་སོང་བར་ཕྱག་ལེན་དུ་ཐིང་པར་མཛད་པས། སློབ་མའི་རྒྱུད་ལ་སྟོང་པ་དང་སྙིང་རྗེས་བརླན་པའི་རྟོགས་ལྡན་གྱི་སྐྱེས་བུ་མང་དུ་ཚར། གཞན་ཡང་ཡུལ་དེའི་སྐྱབས་གནས་ངལ་སྟེགས་ལྟ་བུར་མཛད་ཅིང༌། ཐ་ན་རི་དྭགས། བྱ་བྱེའུ་རྣམས་ལའང་མི་འཇིགས་པ་སྦྱིན་ཞིང༌། ཕྱག་ཏུ་དངོས་པོ་གང་བྱུང་དཀོན་མཆོག་གི་ཕྱོགས་སུ་བཏང་ནས་བསྔོ་བ་དང་སྨོན་ལམ་གྱིས་རྒྱས་ཐེབས་པར་མཛད། མགུར་དང༌། བསྟོད་ཚིག་སོགས་ནི་མང་དུ་བཞེངས། དེ་ལྟར་གདུལ་བྱར་གྱུར་ཚད་ཀྱི་དོན་མཐར་ཕྱིན་ནས། ད་ཕུང་པོ་ཡང་རྒས། འཆི་ལ་ཉེ། ད་ལོ་ནས་འགྲོ་རྩིས་བྱེད་དགོས་གསུངས་ནས་སློབ་མ་ཡོན་བདག་ཐམས་ཅད་མཇལ་བའི་ཚེ། ཕྱག་མགོ་ཐོག་ཏུ་བཞག་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་བཀོད་པ་ཕུན་སུམ་ཚོགས་པར་དཔོན་སློབ་དུས་གཅིག་ཏུ་སངས་རྒྱས་པར་གྱུར་ཅིག །ཅེས་སྨོན་ལམ་མཇལ་ཚད་ལ་གསུངས། སློབ་མ་རྣམས་བྲག་དང་ཁང་པ་ཡན་ཕྱིན་རི་ཁྲོད་རྣམས་སུ་སྡོད་ལ། གསོལ་བ་ཕྱོགས་གཅིག་ཏུ་ཐོབ་དང་རང་གཞན་གྱི་དོན་འབྱུང་བར་ངེས་ཞེས་པ་ཡང་གསུངས་ནས། དོན་གསུམ་པ་ཆུ་ཕག་༼༡༣༢༣༽ལོའི་རྒྱལ་གྱི་ཟླ་བའི་ཉི་ཤུ་ལྔ་ནས་སྐུ་ཁམས་མ་བདེ་ནས་སྨན་དཔྱད་དང་སྐུ་རིམ་བསྒྲུབས་ཀྱང་མ་ཕན་པར། ཉི་ཤུ་བརྒྱད་ཀྱི་སྔ་དྲོ་ལ་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་སོ། །དེའི་ཚེ་སྐུ་བཀྲག་མདངས་དང་གཟི་བརྗིད་སྔར་ལས་ཆེ་བ་བྱུང༌། མཇལ་ཚད་ཐམས་ཅད་ངོ་མཚར་དུ་གྱུར། དེ་ནས་གདུང་ཞུགས་ལ་བཞེས་པའི་ཚེ། དུད་པ་འཇའ་ཚོན་དང༌། མེ་སྒྲ་ཐམས་ཅད་རོལ་མོའི་སྒྲས་གང་ཞིང༌། ཉི་མ་གསུམ་ཕྲུགས་ཙམ་དུ་རིང་བ་དང༌། ཐུགས་མ་ཚིག་པ་དང༌། སྐུ་གདུང་རིང་བསྲེལ་དཔག་ཏུ་མེད་པ་བྱུང་ངོ༌། །རྗེ་དེ་ཉིད་ཀྱི་ཞལ་སློབ་ཀྱང་རིན་མཆོག་སོགས་མང་པོ་བྱོན་ཅིང༌། དེ་དག་གི་བཀའ་དྲིན་ལས་དེ་ནས་བཟུང་ཁམས་ཕྱོགས་སུ་དཔལ་ལྡན་འབྲུག་པའི་བསྟན་པ་ཤིན་ཏུ་དར་ཞིང་རྒྱས་པ་འདི་བྱུང་བའོ། །

འདིར་སྨྲས་པ།

རབ་དཀར་དོན་བརྒྱུད་གདམས་པའི་འོ་མའི་རྒྱུན། །

བྱིན་རླབས་དྲོད་ཀྱི་ཚན་ཁ་མ་ཡལ་བར། །

ཁམས་ཕྲུག་སྐལ་བཟང་བྱེ་བའི་ཁར་ལྡུད་པའི། །

མཁས་གྲུབ་གོང་མའི་བཀའ་དྲིན་སླར་ཡང་དྲན། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། མདོ་ཁམས་པ་རིན་ཆེན་སེང་གེ་ནས་བརྒྱུད་པའི་ཁམས་འབྲུག་གི་སྐབས་ཏེ་ལྔ་པའོ།། །།