དགོན་ཕུ་གཞན་ཕན་རྒྱ་མཚོའི་རྣམ་ཐར།

༈ དགོན་ཕུ་གཞན་ཕན་རྒྱ་མཚོའམ་བྱ་བཏང་བསོད་ནམས་རིན་ཆེན་ནི། བོད་ལ་མདུད་པ་བཞི་ཡོད་པའི་ནང་ཚན། ས་ངན་ས་ཡི་མདུད་པ་ཞེས་པའི་ཆར། རོང་རེ་ཁེ་ཨ་མདོ་ཁ་རུ་ཡབ་རིན་ཆེན་ལྷུན་གྲུབ་དང༌། ཡུམ་ཤེས་རབ་སྒྲོན་མའི་སྲས་སུ། རབ་བྱུང་བཅུ་པའི་མེ་བྱ་༼༡༥༩༧༽ལོར་བལྟམས། ཀུན་མཁྱེན་པད་དཀར་གཤེགས་ནས་ལོ་དྲུག་པ་ཡིན། ལྷུམས་སུ་ཞུགས་པའི་སྐབས་ཡུམ་ལ་དགེ་སློང་བགྲེས་པོ་ཞིག་གིས་གསེར་གྱི་རྡོ་རྗེ་ཞིག་སྤྱི་བོར་བཞག་པས་ཁོག་ཏུ་ཐིམ་པ་སོགས་ངོ་མཚར་བའི་རྨི་ལྟས་མང་དུ་བྱུང༌། དགུང་གྲངས་བདུན་བརྒྱད་སྐབས་ཁང་རྩེག་མཐོན་པོ་ནས་མཆོངས་ཀྱང་སྐྱོན་མེད་པར་རྡོ་ལ་ཞབས་རྗེས་བྱུང་བ་དང༌། ནར་སོན་ཏེ་ཕྱུགས་རྫིར་བྱོན་སྐབས། གཅན་སྤྱང་དང་ཕྱུགས་མཉམ་པོར་བསྡད་ཀྱང་འཚེ་བ་མེད་པ་སོགས་ཆུང་དུས་ནས་ངོ་མཚར་བའི་རྣམ་ཐར་མང༌། ཁུ་བོ་ལས་ཀློག་བསླབས་པས་ཚེགས་མེད་དུ་མཁྱེན། དེ་ནས་དགུང་གྲངས་བཅུ་བདུན་ཙམ་ལ་ངེས་འབྱུང་ཆེན་པོས་རྒྱུད་བསྐུལ་ཏེ། བླ་མ་མཚན་ཉིད་དང་ལྡན་པ་ཞིག་བཙལ་བཞེད་ཀྱིས་གཙང་གཤིས་སྨར་ལག་སོགས་བརྒྱུད་ནས་ཕེབས་པས། བྲག་གཡབ་བྱམས་མདུན་ཕྱོགས་མཁའ་འགྲོ་གསང་ཕུག་ཏུ་གྲུབ་དབང་ཀརྨ་བསྟན་འཕེལ་བཞུགས་པ་དང་མཇལ། རྗེ་དེ་ཉིད་ལ་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ། གདམས་ངག་ཐམས་ཅད་བུམ་པ་གང་བྱོར་ཐོབ་ཅིང༌། ཕུག་ཆུང་རྫོང་དང༌། གནས་ངེས་མེད་དུ་བླ་མ་དང་ལྷན་དུ་ལོ་དྲུག་ཙམ་བཞུགས་ཤིང་གདམས་ངག་ལ་ཞུན་ཐར་བཅད། དེ་ནས་བླ་མའི་བཀའ་བཞིན་གསང་སྤྱོད་རི་འགྲིམ་དང་གདུལ་བྱ་ལ་བྱོན། འཁྲུངས་ཡུལ་རེ་ཁེ། ཝ་རྩིས་སོགས་ཀྱི་གཡའ་ཁྲོད་དང་གངས་ཁྲོད། གནས་པོ་རྡོ་རྗེ་གུར་མགོན། སེ་བ་སི་ངུ༌། སམ་གཉེན་རྨིག་ཐིའི་རྫ་རྩེ། གསང་མཚོ་ཁ། སྐུ་སེ་མཛད་ཀྱི་སྟོད་སྨད། ཉག་གཤིས་འགར་བཙན་རྫ་ཁྲོད། བཟང་གཉེན་ར་འབོམ་གྱི་རྫ་སོགས་སུ་གཡའ་ཁང་དང་རྫ་སྐྱིབས་ལ་བརྟེན་ནས་ལོ་མང་པོར་ཐུགས་དམ་ལ་བརྩོན་པར་མཛད་པས། གཞུང་ནས་གསུང་བ་བཞིན་གྲུབ་པའི་མཚན་མ་ཅིའང་བརྙེས་ཤིང༌། གཞི་བདག་རྣམས་ཀྱི་རང་གཟུགས་བསྟན། གནས་དེ་དག་ཏུ་རྫུ་འཕྲུལ་ཅི་ཡང་མཛད་པའི་རྗེས་ད་ལྟའང་མཇལ་དུ་ཡོད། དེ་ནས་མ་ཡུམ་དང་ལྷན་དུ་སམ་གཞུང་ནས་ཡར་བྱོན་ཞིང་སོག་ཡག་འབོམ་དཀར་ཞེས་པར་ཕེབས་ཏེ། རྗེ་ཉིད་རྫ་སྐྱིབས་སུ་ཐུགས་དམ་ལ་བཞུགས། མས་ཡུལ་འབྲོག་རྣམས་ལ་བསོད་སྙོམས་བསླངས་ནས་བཞུགས་པའི་ཚེ། ཉག་ཡུལ་གྱི་གཞི་བདག་རྣམས་ནས་བསྟན་པ་སྤེལ་བའི་ཡོན་བདག་ཏུ་ཁས་བླངས་ཤིང༌། གདུལ་བྱ་དུས་སུ་བབ་པར་བརྟེན། སྡེ་དགེ་ཉག་གཤིས་རྒྱལ་པོས་གྲུབ་ཐོབ་ཆེན་པོའི་རྣམ་ཐར་ཐོས་པས་ཐུགས་གཏིང་ནས་དད་དེ། སྤྱན་འདྲེན་ཡང་ཡང་ཞུས་པའི་མཐར། སྐུ་འབུམ་ཕོ་བྲང་དུ་ཞབས་པད་བཀོད་ནས་མགོན་པོའི་གཏོར་ཟློག་དང༌། མགོན་དཀར་གྱི་ཚེ་དབང་སོགས་འདོད་ཆོས་བསྩལ་ཏེ་མཆོད་ཡོན་གྱི་འབྲེལ་བ་ཚུགས། སྐབས་དེར་གཞི་བདག་འབོད་རྒྱལ་ནེའུ་རའི་མགུལ་དུ་བླ་སྒྲུབ་ཟླ་བཞིར་མཚམས་དམ་པར་བཞུགས། དེ་ནས་ཡུལ་སྡེ་ཐམས་ཅད་ཀྱིས་ཡུལ་འདིར་རྟག་པར་བཞུགས་དགོས་ཚུལ་གྱི་རེ་ཞུས་ཨུ་ཚུགས་བྱས་པར། བསྟན་འགྲོའི་དོན་ཆེན་འབྱུང་བར་དགོངས་ནས་ཞལ་གྱིས་བཞེས་ཤིང༌། ད་ལྟའི་དགོན་གནས་འདིར་སྒྲུབ་སྡེ་འཛུགས་བཞེད་ཀྱིས་རེ་ཞིག་བུ་སློབ་རྣམས་ཅོག་སྒར་བྱས་ནས་བཞུགས། ང་གཅིག་ཙམ་ལ་གཙུག་ལག་ཁང་ཀ་མལ་དྲུག་ཅུ་ཙམ་གསར་དུ་བཞེངས་ནས། དགོན་ཕུ་ཕན་བདེ་མི་འགྱུར་དར་རྒྱས་གླིང་ཞེས་གྲགས་པ་འདི་བྱུང༌། ནང་རྟེན་གཙོ་བོར་རྗེ་གྲུབ་དབང་ཀརྨ་བསྟན་འཕེལ་ནས་གནང་བའི་ཐུབ་དབང་བྱེལ་དྲོད་མ་སོགས་རྟེན་གསུམ་བྱིན་ཅན་དུ་མ་བཞུགས་སུ་གསོལ། དགེ་འདུན་གྱི་སྡེ་ཡང་སུམ་བརྒྱ་བརྒལ་ཙམ་འདུས་ཤིང༌། དེ་དག་ལ་སྨིན་གྲོལ་གྱི་ཆོས་འཁོར་ཅི་ཡང་བསྐོར་བས་ཐམས་ཅད་མཚན་ཉིད་ཚང་བའི་དགེ་འདུན་ཤ་སྟག་ཏུ་བྱུང༌། རྫོང་དང་ཁ་སྤྲོད་སྐུ་འབུམ་ལེགས་བཤད་བྱམས་པ་གླིང་ཡང་རྗེ་འདིས་བཞེངས་པར་མངོན། དེ་ལྟར་དགོན་ཡར་མར་ཟུང་འབྲེལ་དུ་བསྐྱངས་ཤིང༌། མི་དབང་མངའ་ཁོང་གི་འོག་སྡེ་ཕལ་ཆེར་ནས་དབུའི་མཆོད་གནས་སུ་བཀུར། ཡུལ་འདིར་སྔོན་ཆད་ནང་ཆོས་ཀྱི་སྣང་བ་ཆེར་མེད་པར་སྟོད་སྨད་ཕལ་ཆེར་བོན་གྱི་ཆོས་ལུགས་འཛིན་པ་ལ། རྗེ་འདི་ཉིད་ཕེབས་པ་ནས་བཟུང་རིམ་གྱིས་བོན་ཆོས་དགོན་སྡེ་རྣམས་ནུབ་ནས་བན་བསྟན་ལ་འགྱུར་ཞིང༌། ཡུལ་ལ་ཆོས་མིང་ཆགས་ནས་ཉག་གཤིས་འབྲུག་ལུང་དཀར་མོ་ཞེས་གྲགས་པར་གྱུར། རྗེ་ཀརྨ་བསྟན་འཕེལ་གྱི་ཡང་སྲིད་ཀུན་དགའ་བསྟན་འཕེལ་ཁྲི་འདོན་གོང་མའི་བུ་ཆེན་རྣམས་དང་མཉམ་དུ་མཛད་པ་སོགས་བསྟན་པ་སྤྱི་དང་བྱེ་བྲག་གི་དོན་ཅི་ཡང་མཛད་པའི་མཐར། རྗེ་ཉིད་ཀྱི་སྐུ་ང་འདྲ་མ་ཞེས་ཉིད་ཀྱི་རྒྱུན་སྤྱད་ཉེར་ཆས་གསོལ་ཞལ་བེར་ཐུལ་འབེབས་གདན་སོགས་ནང་གཞུགས་མཛད་པ། ཕྱིས་སུ་གསུང་ཡང་ཡང་བྱོན་པའི་བྱིན་རླབས་གཟི་འབར་མ་དེ་སྐུ་ཚབ་ཀྱི་ཚུལ་དུ་བཞེངས་ནས། དགུང་གྲངས་དྲུག་ཅུ་རེ་དགུ་པ་ཤིང་སྦྲུལ་༼༡༦༦༥༽ལོར་དགོངས་པ་ཞི་དབྱིངས་སུ་གཞོལ་བའི་ཚུལ་བསྟན་ཏོ། །དེ་ཡང་རྗེ་འདིའི་རྣམ་ཐར་གསར་བྲིས་སུ། རེ་བདུན་པ་ཆུ་སྦྲུལ་ལོར་གཤེགས་པར་གསུངས་ཀྱང༌། འཁྲུངས་ལོ་མེ་བྱ་ཡིན་ཚེ་ཆུ་སྦྲུལ་ལ་རེ་བདུན་ཡོང་ཐབས་མེད་ཅིང༌། མ་ཟད་རྗེ་བསོད་ནམས་རྒྱ་མཚོའི་རང་རྣམ་དུ། རྗེ་ཉིད་ང་བརྒྱད་ཕེབས་པའི་ཤིང་སྦྲུལ་ལོར་ཉག་གཤིས་སུ་བླ་མ་གཞན་ཕན་བསྙུང་བར་ཚེ་དབང་བརྒྱ་རྩ་ཕུལ་ཚུལ་གསལ་བས། དེས་ན་དགུང་གྲངས་རེ་དགུ་པ་ཤིང་སྦྲུལ་ལོར་གཤེགས་པར་ངེས་སོ། །བརྒྱུད་འཛིན་སློབ་མའི་གཙོ་བོ་ནི། འཕགས་པའི་གནས་བརྟན་བཅོ་ལྔའི་སྤྲུལ་པ་རྟོགས་ལྡན་འཕུལ་ཤེས་སློབ་མ་བཅོ་ལྔ་དང༌། མཛད་སྤྲུལ་མདོ་སྔགས་བསྟན་འཛིན་སོགས་མང་ངོ༌། །རྗེ་ཉིད་གནས་བརྟན་བ་ཀུ་ལའི་རྣམ་འཕྲུལ་དུ་གྲགས། ཡང་སྲིད་བྲག་གཡབ་ཕྱོགས་སུ་འཁྲུངས་པའི་ལུང་བསྟན་གནང་བ་ལྟར། སྐུ་ཕྲེང་གཉིས་པ་ཆོས་གྲུབ་རྒྱ་མཚོ་ཞེས་པ་བྱོན།༼གཉིས་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རྒྱ་མཚོ་ནང་ཆེན་དུ་འཁྲུངས་ནས་ཀུན་དགའ་བསྟན་འཛིན་གྱི་སློབ་མ་ཡིན་བཤད་པ་ཞིག་ཀྱང་སྣང་བས་དུས་ཚོད་འགྲིག་མིན་དཔྱད།༽སྐུ་ཕྲེང་གསུམ་པ་གྲུབ་མཆོག་རྒྱ་མཚོ། བཞི་པ་ངག་དབང་ཆོས་གྲུབ་རྒྱ་མཚོ། ལྔ་པ་ངག་དབང་བསྟན་འཛིན་རྒྱ་མཚོ། དྲུག་པ་འགྲོ་འདུལ་གྲུབ་པའི་རྡོ་རྗེ། བདུན་པ་ངག་དབང་ལུང་རྟོགས་རྒྱ་མཚོ། བརྒྱད་པ་ཕྲིན་ལས་འོད་ཟེར་རྒྱ་མཚོ། དགུ་པ་ད་ལྟ་འཚོ་གཞེས་སུ་བཞུགས་པ་དཔལ་ལྡན་ཆོས་ཀྱི་རྒྱ་མཚོའི་བར་རིམ་བཞིན་བསྟན་དོན་དུ་བྱོན་པའོ། །