ཏིལླི་ཤེས་རབ་བཟང་པོའི་རྣམ་ཐར།

༈ ཏིལླི་ཤེས་རབ་བཟང་པོ་ནི། ཐུན་མོང་མིའི་སྣང་ངོར། རྒྱ་གར་ཤར་ཕྱོགས་ཛ་གོ་ཞེས་པར་ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་མོ་གསལ་ལྡན་གྱི་སྲས་སུ་འཁྲུངས། ཆུང་ངུ་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་ལས་ཅན་དུ་རིག་སྟེ། འདོད་འཇོའི་བུམ་པའི་མཐུ་ལ་བརྟེན་ནས། ཡུལ་དེའི་རྒྱལ་པོར་དབང་བསྐུར། རྒྱལ་སྲིད་ཡུན་རིང་བསྐྱངས་མཐར། འཁོར་བ་ལས་ཡིད་བྱུང་ནས་རང་གི་སྲས་རྒྱལ་པོར་བཀོད་དེ། སོ་མ་པུ་རི་དུར་ཁྲོད་ཀྱི་གཙུག་ལག་ཁང་བྱ་བར་ཞང་པོའི་ཐད་དུ་རབ་ཏུ་བྱུང༌། དེར་ཀློག་པ་ལ་བརྩོན་བཞིན་ཡོད་པའི་ཚེ། ཉིན་གཅིག་བུད་མེད་སྐྲ་ལི་བ། ཤ་སྔོ་ལ་སྨ་ར་སེ་ཁྱུག་གེ་བ་ཞིག་བྱུང༌། མཁའ་འགྲོ་མར་ཤེས་ནས་གསོལ་བ་བཏབ་པས། དེར་དཔལ་འཁོར་ལོ་སྡོམ་པ་འབྱུང་བའི་དཀྱིལ་འཁོར་མདུན་གྱི་ནམ་མཁའ་ལ་སྤྲུལ་ནས་དབང་བསྐུར། ཐ་མལ་གྱི་ཞེན་པ་སྤང་བའི་ཕྱིར་བསྐྱེད་རིམ། ལྷ་ལ་ཞེན་པ་སྤང་བའི་ཕྱིར་རྫོགས་པའི་རིམ་པ་བསྟན་ནས། ད་ནི་སྨྱོ་བ་སྐད་གྱིས་ལ། རྟགས་ཆ་ལུགས་བོར་ནས་གསང་བས་ཉམས་སུ་ལོངས་ཤིག་ཟེར་ནས་མི་སྣང་ངོ༌། །དེ་ནི་མ་སྐལ་བ་བཟང་མོ་ཡིན། བཀའ་བབ་དང་པོ་སྟེ་ཕྱག་ཆེན་གྱི་བཀའ་བབ། དེ་ནས་སློབ་དཔོན་འཕགས་པ་མཇལ་བར་འདོད་དེ་ལྷོ་ཕྱོགས་སུ་བྱོན། སློབ་དཔོན་གཤེགས་ཀྱང་མ་ཏངྒིའམ་ཀླུའི་བྱང་ཆུབ་དང་མཇལ་ནས་རྗེས་སུ་འཛིན་པར་ཞུས་པས། གསང་བ་འདུས་པའི་དཀྱིལ་འཁོར་སྤྲུལ་ཏེ་དབང་བསྐུར། རྒྱུད་མན་ངག་དང་བཅས་པ་བསྩལ། དེ་བཞིན་ཨཱརྻ་དེ་ཝ་ལའང་གསན་ཟེར། དེ་བཀའ་བབ་གཉིས་པ་སྟེ། ཕ་རྒྱུད་ཀྱི་བཀའ་བབ། དེར་བསྐྱེད་པའི་རིམ་པ་མཐར་ཕྱིན། རྫོགས་པའི་རིམ་པ་ལ་དྲོད་ཐོབ་ཏུ་ཉེ་བ་ན། རྒྱ་གར་ཤར་ཕྱོགས་བྷངྒ་ལར་ལོག་སྟེ་བཞུགས་པའི་སྐབས། ནག་པོ་སྤྱོད་པ་བྱོན་པ་ལ་འཁོར་ལོ་བདེ་མཆོག་ལུགས་གསུམ་གྱི་གདམས་ངག་ཐམས་ཅད་གསན། དེའི་སློབ་མ་རྣམ་རྒྱལ་ཞབས་ལའང་གསན། དྷ་རི་ཀ་པ་དང་རྡོ་རྗེ་དྲིལ་བུ་གཉིས་ཀྱིས་ཀྱང་རྗེས་སུ་བསྟན་པ་ཐོབ། བཀའ་བབ་གསུམ་པ་སྟེ་མ་རྒྱུད་ཀྱི་བཀའ་བབ། དེར་དྲོད་རྟགས་ལེགས་པར་ཐོབ་སྟེ། དེ་ཁོ་ན་ཉིད་མངོན་དུ་མ་གྱུར་པས། ཨུ་རྒྱན་དུ་སློབ་དཔོན་ལྭ་བའི་ན་བཟའ་ཅན་དང་མཇལ་ཏེ་གྲུབ་པ་དང་སྙིང་པོའི་སྐོར་གྱི་གདམས་ངག་རྣམས་གསན། དེ་བཀའ་བབ་བཞི་པ་སྟེ། འོད་གསལ་གྱི་བཀའ་བབ་པས། ཇི་སྐད་དུ། ཙཱརྻ་ཀླུ་སྒྲུབ་ལྭ་བ་པ། །མ་ཏི་སྐལ་བ་བཟང་མོ་སྟེ། །བཀའ་བབས་བཞི་ཡི་བླ་མ་བསྟེན། །ཞེས་སོ། །དེ་ནས་སློབ་དཔོན་ལྭ་ཝ་པས་ལུང་བསྟན་པ་ལྟར། རྒྱ་གར་ཤར་ཕྱོགས་ཟ་ཧོར་གྱི་རྒྱལ་ཁམས་ན་བྷངྒ་ལ་ཞེས་བྱ་བའི་འདོད་པ་ལྔའི་ཚོང་འདུས་སུ། སྨད་འཚོང་མ་ཞིག་གི་གཡོག་མཛད་དེ། ཏིལ་རྡུང་བའི་ཚུལ་གྱིས་ལམ་བསྒོམས་པས། ལོ་བཅུ་གཉིས་ན་མཐོང་ལམ་གྱི་རྟོགས་པ་སྐྱེས་པས། མི་རྣམས་ལ་མཐོང་བ་སྣ་ཚོགས་སུ་གྱུར་ནས་ཐམས་ཅད་དེར་འདུས་པ་ལ། ཏིལ་རྡུང་བའི་ཚུལ་དེ་ལ་དཔེར་མཛད་ནས་ཆོས་བསྟན་པས། ཐམས་ཅད་སྐད་ཅིག་དེ་ཉིད་ལ་གྲོལ་ནས་མཁའ་སྤྱོད་དུ་སོང་བས་ཡུལ་དེ་ཐེངས་གཅིག་ལ་སྟོང་པར་གྱུར་ཏེ། དེ་ནས་མཚན་ཏིལླི་པར་གྲགས། གཞན་ཡང་རྣལ་འབྱོར་པ་མ་ཏི། མུ་སྟེགས་པའི་སྟོན་པ། སྒྱུ་མ་མཁན། གླུ་མཁན། ཆང་འཚོང༌། གཤན་པ་སོགས་བརྒྱད་བཏུལ་བ་རྣམས་སྐུ་མ་སྤངས་པར་མི་ཡུལ་གྱི་རི་བྲག་རྣམས་སུ་དུས་ད་ལྟའི་བར་བཞུགས་ཞེས་གྲགས་ལ། དེ་ནས་ནུབ་ཕྱོགས་ཨོ་རྒྱན་དུ་བྱོན་ནས་སྙན་རྒྱུད་ནོར་བུ་སྐོར་གསུམ་དང༌། ལུས་མེད་མཁའ་འགྲོའི་ཆོས་སྡེ་རྣམས་གདན་དྲངས། མཐར་རྣམ་སྨིན་གྱི་ལུས་འདི་ཁས་འོག་མིན་དུ་བྱོན་ནས། རྡོ་རྗེ་འཆང་དངོས་སུ་མཇལ་ཞིང་ཆོས་ཐམས་ཅད་ཀྱི་སྒྲོ་འདོགས་བཅད། དེ་ཐམས་ཅད་ཀྱི་དོན་དྲིལ་བ་ཤིན་ཏུ་རྨད་དུ་བྱུང་བའི་རྒྱུད་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་གསན་ཅིང་མི་ཡུལ་དུ་བསྣམས་ནས་དྲིལ་བསྒྲགས་ཏེ་ཀུན་ལ་བསྟན་པས། སྐལ་བ་ཅན་ཐམས་ཅད་ཀྱིས་མཁའ་སྤྱོད་གྲུབ་ནས་ཡུལ་གྲུ་མང་པོ་སྟོང་པར་གྱུར་ཏོ། །དེ་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ། སྐལ་བ་དང་ལྡན་པ་རྣམས་རྗེས་སུ་འཛིན་པར་རྟག་ཏུ་བཞུགས་ཀྱང་སྐལ་མེད་རྣམས་ཀྱིས་མཐོང་བར་མི་ནུས་པར་ཞིག་གོ། །དེ་ལ་སློབ་མ་རྒྱལ་རིགས་ནཱ་རོ་པ། བྲམ་ཟེ་རི་རི་པ། རྗེ་རིགས་ཀ་སོ་རི་པ་ལ་སོགས་མང་དུ་མཆིས་པ་ཀུན་གྱི་ནང་ནས་མཆོག་ཏུ་གྱུར་པ་དཔལ་ནཱ་རོ་ཏ་པའོ། །