ཆོས་རྗེ་ཛ་སྤོ་བ་ཤེས་རབ་དཔལ་གྱི་རྣམ་ཐར།

ཆོས་རྗེ་རྫ་སྤོ་བ་ཤེས་རབ་དཔལ་ནི། རྐྱང་ཆེན་སྤྲུལ་སྐུའི་དབོན་པོ། རྐྱང་ཆེན་ནང་སོའི་ཞབས་ཏོག་དང་ལས་ཀ་བྱེད་བཞིན་པ་ལ། ཆོས་མ་བྱས་ན་ད་ལྟའི་སྤྱོད་པ་འདིས་མི་འོང་པ་འདུག་དགོངས་ནས། སྤྲུལ་སྐུ་ལ་གདམས་པ་ཞུས་ཏེ། རི་བོའི་ཕུ་འཁྱག་པ་དཀར་མོར་ཐུགས་དམ་མཛད། ཁོང་རང་གི་ཕུ་བོ་དབོན་རིན་གྲུབ་ཀྱིས་རྒྱགས་སྐྱེལ་གྱིན་ཡོད་པ་ལ། ལན་གཅིག་རྒྱགས་ཟད་པས་རྐྱང་ཆེན་དུ་ལེན་དུ་བྱོན་པས། དབོན་པོ་རིན་གྲུབ་ན་རེ། རྒྱགས་སྐྱེལ་སོང་ཡོད་པ་ལ་ལམ་དུ་མ་མཇལ་ལམ་ཟེར། དེར་ལོག་བྱོན་པས་སུ་ཡང་མ་བྱུང་འདུག་པར། ད་ཁྱོད་ལ་མི་རེའོ་སྙམ་ཐུགས་ཐག་ཆོད་དེ། རྒྱལ་ཁམས་ལ་བྱོན། ཡབ་ཏུ་སྐྱེས་མཆོག་བསམ་གཏན་དཔལ་བར་མཇལ། ཐེངས་ཤིག་ཆོས་གསུངས་པའི་ཆོས་ཁྲིའི་འཁྲིས་སུ་བཞུགས་པས། སྐྱེས་མཆོག་པས་ཁོང་གི་དབུ་སྐྲ་ནས་འཐེན་འཐེན་མཛད། སྤྱན་ནམ་མཁའ་ལ་གཟིགས་ཀྱི་འདུག་པས། ཁོང་གིས་ཀྱང་གཟིགས་པ་ན། དམ་པ་སངས་རྒྱས་སྐུ་གཟི་བརྗིད་དང་ལྡན་པ་ཞིག་གཟིགས། དེ་ལྟར་སྐྱེས་མཆོག་པ་དང༌། སྔོན་པོ་ཡོན་རྡོར་བ་ལའང་གདམས་པ་གསན། ལྷ་ལུང་དུ་བྱོན་ནས་རིག་པའི་འབྲུག་སྒྲ་ལ་ཆོས་ཞུས། ཀོང་པོར་བྱོན་ནས་ཆོས་རྗེ་མཁའ་སྤྱོད་པ་ལ་གདམས་པ་མང་དུ་གསན། སྤོ་བོར་བྱོན་པའི་ཚེ་ཕྱག་ཕྱི་ཡང་མཛད། དེ་ལ་སོགས་པའི་བླ་མ་རྣམས་ལས་གདམས་པ་ཐོབ་ནས། གཞུང་གི་གྱུ་ར་དམར་རྩེར་སྒྲུབ་པ་མཛད། དེ་རྟིང་རྫ་སྤོར་ཡུན་རིང་དུ་བཞུགས་པས་ཆོས་རྗེ་རྫ་སྤོ་བར་གྲགས། དེ་ནས་ཆབ་ཚན་ཁར་བྱོན་ནས་དེའི་མན་ཁང་དུ་བཞུགས། དེ་རྗེས་ཆུ་ཚན་ཁའི་མཁར་དེ་ལ་བཞུགས། ཞལ་དཀར་མཛད་ནས་མཐོ་དམན་ཐམས་ཅད་ལ་ཞལ་སྟོན། གསོལ་རྒྱུར་ཟྭ་དང་སྔོ་ཚོད་ཀྱི་ཚོད་མ་མ་བཏབ་དགུ་བཏབ་པ་དང༌། རྒྱབ་མདུན་གྱི་གསང་རྫས་གཉིས་ཀ་ལ་འགྱེད་མོ་ཆེ་མཛད། སྐུ་ཚེའང་རིང་དུ་བཞུགས། ཕྱག་ཏུ་བྱུང་བའི་དངོས་པོ་རྣམས་གྲྭ་ས་སོ་སོར་དགེ་འདུན་ལ་འབུལ། གྲུབ་ཐོབ་ཆེན་པོར་གྲགས་སོ། །དེ་ལ་ཆོས་རྗེ་ནམ་མཁའ་བཟང་པོ། སྐྱེས་མཆོག་སྨོན་ལམ་དཔལ་བ། འཇམ་དབྱངས་པ་སོགས་སློབ་མ་མང་པོ་བྱུང་ངོ༌། །