ཆོས་རྗེ་གཙང་པ་རྒྱལ་རས་ཡེ་ཤེས་རྡོ་རྗེའི་རྣམ་ཐར།

༈ ཆོས་རྗེ་གཙང་པ་རྒྱ་རས་ཡེ་ཤེས་རྡོ་རྗེ་ནི། མྱང་སྟོད་ཁུ་ལེའི་ཆར་རྒྱའི་གྱད་རིགས་སུ། ཡབ་ཟུར་སོ་ཚབ་པེ་དང༌། ཡུམ་མར་བཟའ་དར་སྐྱིད་ཟུང་གི་སྲས་སུ་རབ་བྱུང་གསུམ་པའི་ལྕགས་སྦྲུལ་༼༡༡༦༡༽ལོར་འབྲོག་སྡེ་ཞིག་གི་ཁྱིམ་དུ་བལྟམས། སྐྱས་དང་ཐུག་ནས། བཟའ་མི་བྱིན་འགྲོ་ཚར་བས་ཡུམ་དངངས་ཏེ་སྦྲ་ཤུལ་དེར་བོར་ནས་སོང་བས། སླར་ཇི་ལྟར་འདུག་བལྟ་བར་ཇོ་ཇོ་འོང་པ་ན། གྲོད་པ་སྒོར་མོ་ཞིག་རྒོད་གཅིག་གི་གཤོག་པས་བཀབ་ནས་འདུག་པ་འཕུར་སོང་བས། ཁྱེའུ་ཡིད་དུ་འོང་བ་ཞིག་འདུག་པ་ཁྱེར་ནས་གསོས་པས། ཆེར་སྐྱེས་ནས་བག་ཆགས་བཟང་བ་ཞིག་བྱུང༌། མཁར་ལུང་པ་སོགས་ལ་ཐོས་པ་སྦྱངས་སུ་བཅུག་པས་མཁས་པའི་ཕུལ་དུ་གྱུར། མཚན་ཉིད་ཀྱི་གྲྭ་སྐོར་མཛད་པས། སྟོན་བཟང་གི་གྲགས་པ་ཐོན། ཉེར་གསུམ་ན་གྲུབ་ཐོབ་གླིང་གི་དྲུང་སྣ་ཕུར་བྱོན། ཁྲིད་གདམས་ངག་ཞུས་ནས་བསྒོམས་པས་ཏིང་ངེ་འཛིན་གསལ་སྟོང་ནམ་མཁའ་ལྟ་བུ་ལ་འབྱམས་འགྲོ་བ་དང༌། རྫུ་འཕྲུལ་ཡ་མ་ཟུང་སྟོན་ནུས་པ་བྱུང་ནས་བླ་མ་ལ་ཡང་འདི་ལས་ལྷག་པ་མེད་དམ་སྙམ་ནས། ཞུས་པས། བུ་དེ་ཀུན་ཉམས་ཡིན། རྟོགས་པ་གཤའ་མ་ཞིག་ལོ་ལྔ་ནས་འབྱུང་གསུངས། སྤྱིར་སྣ་ཕུར་ལོ་བཞིར་བཞུགས། རྔོག་རྡོ་རྗེ་སེང་གེ་ལ་དགྱེས་གདན་ཡ་གསུམ་གསན། ཉེར་བརྒྱད་ས་སྤྲེལ་ལོར་རྗེ་གླིང་རས་གཤེགས་པས་འདད་དང་གདུང་ཁང་བཞེངས་པ་སོགས་མཛད། ལོ་དེའི་དགུན་ལ་མཁར་ཆུར་བྱོན་ནས། ལྕགས་ཕུར་ཅན་དུ་འདག་སྦྱར་གྱིས་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ན། འཚོ་བ་ཤིན་ཏུ་བཀྲེན་པས་སྐུའི་མདངས་སྟོབས་ཤོར། དེའི་སྟེང་དུ་ཁམས་འདུས་པ་ཞིག་ལངས་པ་ཇེ་ཐུ་ནས་ལོ་གསུམ་ལ་མ་དྲག །ལོ་གསུམ་པ་ན་སྣང་སྲིད་ཀྱི་ལྷ་འདྲེ་མ་ཚོགས་པ་མེད་པའི་དམག་གིས་བསྐོར་ནས་མཚོན་ཆ་སྣ་ཚོགས་འཕེན་ཅིང་རྒྱོབ་ཅིག །སོད་ཅིག་ཟེར་བ་དང༌། ས་ཐམས་ཅད་གཡོ་ཞིང་འགུལ་བ་དང༌། རེས་འགའ་རི་ཀླུང་ནགས་ཚལ་ཐམས་ཅད་བགད། སྐབས་རེ་ན་བྲག་རི་དེ་ཉིལ་ལི་ལི་ཞིག་འགྲོ་བ་སོགས་བྱུང་ཞིང༌། རང་གི་ཆོས་སྐྱོང་དཔལ་མགོན་དཔོན་བློན་ཡུམ་བཅས་རྣམས་ཀྱང་དགྲར་ལངས་ཏེ། དེ་དག་གི་རྒྱབ་རྟེན་ལྟ་བུར་འདུག་པ་གཟིགས་རུང༌། ཉམ་ང་མེད་པར་རི་བཙུགས་པ་བཞིན་དུ་བཞུགས་པས། མ་ཚུགས་པ་ན་དེ་རྣམས་བྱེར་ཏེ། བདུད་ཀྱི་བུ་མོ་ལུས་ཕྲ་ཞིང་ལྡེམ་ལ་མཛེས་པ། ནུ་འབུར་རྒྱས་ཤིང༌། ཁ་བཞིན་ཟླ་བ་ཉ་བ་ལྟར་རྒྱས་འཛུམ་ཡིད་དུ་འོང་བ། རྒྱན་གོས་བཟང་པོས་སྤྲས་པ་ཞིག་བྱུང་ནས། བསླུ་བར་བརྩོན་ཀྱང་མ་གཡོས་པར། གྲུབ་ཐོབ་ཆེན་པོ་དྲན་པའི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། མདུན་དུ་དངོས་སུ་བྱོན་ནས་བྱིན་གྱིས་རླབས་སོ་སྙམ་པ་ཞིག་ལ་ཕྱག་རྒྱ་ཆེན་པོའི་རྟོགས་པ་ནམ་མཁའ་ལ་མདུང་བསྐོར་བ་བཞིན་དུ་སོང༌། བར་ཆད་དེ་ཐམས་ཅད་དངོས་གྲུབ་ཀྱི་སྣ་འདྲེན། བདུད་རིགས་ཐམས་ཅད་དམ་ལ་ཐོགས་ནས་ཆོས་སྐྱོང་དུ་སོང་བས། བར་ཆད་ཆེ་དུས་དེར་ཆོས་སྐྱོང་ཡང་དགྲ་རུ་ལངས། ད་ལྟ་བདུད་ཀྱང་དཔལ་དུ་ཤར་གསུངས། བླ་མས་ལུང་བསྟན་པ་ལྟར་རོ་སྙོམས་ཀྱི་གདམས་པ་གཏེར་ནས་བཞེས། དེ་ནས་ཁ་རག་ཤར་གྱི་རི་ལ་བཞུགས་པ་ན། སྲོད་ལ་སེང་གདོང་མ་ཡོང་ནས། ཙ་རིའི་གནས་སྒོ་འབྱེད་པར་འབྱོན་པར་བསྐུལ་ཡང་ཇི་མི་སྙམ་པར་བཞུགས་པ་ལས། སང་གི་ཉི་མ་ཤར་བ་ན། ཉི་ཟེར་ལ་ཆིབས་ནས་གྲུབ་ཐོབ་ཆེན་པོ་བྱོན་ཏེ། ཙ་རིར་སྒོམ་དུ་སོང་ཞིག་པར་གདམས་པ་ལྟར་བྱོན་པས། ལམ་དུ་གཉོས་མགར་ཆོས་གསུམ་གནས་སྒོ་འབྱེད་པར་ཆས་པ་དང་འཕྲད་ནས་བསྡེབས་ཏེ་བྱོན། གནས་སྒོ་ཕྱེས་ཤིང་ལྷ་ཞལ་མཇལ། ཁྱད་པར་གཡུ་མཚོར་རྡོ་རྗེ་ཕག་མོས། དུས་འདིར་བསྟན་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་འགྱུར་བ་དང༌། འཁོར་ལོ་སྡོམ་པས། མ་འོངས་པ་ན་སངས་རྒྱས་དགུ་བརྒྱ་དང་དགུ་བཅུ་རྩ་དགུའི་མཛད་ཕྲིན་ཐམས་ཅད་གཅིག་ཁོ་ནས་མཛད་པར་འགྱུར་བའི་དེ་བཞིན་གཤེགས་པ་མོས་པར་འཚང་རྒྱ་བའི་ལུང་བསྟན་ཐོབ། རྡོ་རྗེ་གཡུ་སྒྲོན་མ་དམ་ལ་བཏགས། ཕྱོགས་སྐྱོང་ལས་ཀྱི་གཤིན་རྗེས་དགེ་བསྙེན་བླངས། དེ་ནས་ཡུལ་སྟོད་དུ་སྡོང་པོ་ཁ་ཊྭཱཾ་གའི་རྩ་བར་ཟླ་བ་གསུམ་དུ་རྡོ་རྗེ་སྐྱིལ་ཀྲུང་གཅིག་གིས་ཡང་དག་འཇོག་ལ་སྙོམས་པར་ཞུགས་ཏེ་བཞུགས་པ་ན། སངས་རྒྱས་དཔའ་བོ་བདུན་མདུན་གྱི་ནམ་མཁར་བྱོན་ནས་རྟེན་འབྲེལ་གྱི་གདམས་པ་བསྩལ། སོ་གསུམ་ལ་བླ་མ་ཞང་གི་དྲུང་དུ་བྱོན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཆོས་སྐྱོང་གི་སྐོར་རྣམས་གསན། ནཱ་རོ་པའི་སྤྲུལ་པ་ཡིན་པར་གསུང༌། ཁོང་གི་བཀའ་དྲིན་ལ་བརྟེན་ནས་སྙིང་རྗེའི་ཀློང་རྡོལ། ཁོང་གིས་ལུང་བསྟན་ལྟར་སོ་བཞི་ལ་ཀློང་རྡོལ་དགོན་བཏབ། དེ་ནས་གྲུབ་ཐོབ་ཁམས་པ་དབུ་སེ་མཇལ། གདམས་པ་གསན། ཁོང་དང་རྗེ་སྣ་ཕུ་གཉིས་ཀྱིས་ལུང་བསྟན་པ་ལྟར། ཞེ་ལྔ་པ་ཤིང་གླང་ལོའི་འབྲུག་ཟླ་བའམ་བོད་ཟླ་གསུམ་པའི་དཀར་ཕྱོགས་ལ་གནམ་འབྲུག་ཕྱག་བཏབ། དེར་ཕེབས་དུས་དགོན་པ་ཆགས་སར། འབྲུག་མ་སྨད་དགུ་བབས་འདུག་པ་ནམ་མཁར་སོང་ནས་སྐད་དྲག་པོ་ཐེངས་གསུམ་བསྒྲགས་པས། དགོན་པའི་མིང་དང་ཆོས་བརྒྱུད་ལ་འབྲུག་པ་ཐོགས། གཞན་ཡང་ར་ལུང་སོགས་ཀྱི་གདན་ས་རྣམས་བཏབ། སོ་བཞི་ནས་ང་གཅིག་གི་བར་འགྲོ་དོན་མཛད་པས། ཚོགས་པ་བསམ་གྱིས་མི་ཁྱབ་པར་འདུས་པ་རྣམས་དགུང་ལོ་ཞེ་གཅིག་ལ་འཁོར་འགྱེད་དང་པོ་དང༌། ཞེ་བདུན་ལ་གཉིས་པ། སྐུ་འདས་རྗེས་སློབ་མ་རྣམས་ཕྱོགས་སུ་གྱེས་པ་ལ་འཁོར་འགྱེད་གསུམ་པའི་ཐ་སྙད་བྱས་པ་ཡིན། དེ་ལྟར་རབ་རྣམས་ནི་འཇའ་ལུས་བརྙེས་པས་སྟེང་ལྷ། འོག་ཀླུ་དང་ལྷ་མིན། བར་མི་ཡི་འཇིག་རྟེན་གཞན་དུ་དང༌། འབྲིང་རྣམས་ཨུ་རྒྱན། ཤམྦྷ་ལ། སིངྒ་གླིང༌། གསེར་གླིང༌། ཟངས་གླིང་སོགས་དང༌། ཐ་མས་ཛ་ལནྡྷ་ར་ནས་རྒྱ་ནག་པོའི་ཚུན་གྱི་རི་བོའི་ཁྲོད་ཐམས་ཅད་གང་བར་གྲགས་སོ། །དེ་ནས་དགུང་ལོ་ང་གཅིག་པ་ལྕགས་ལུག་༼༡༢༡༡༽ལོའི་བོད་ཟླ་དགུ་པའི་ཉེར་ལྔ་ལ་མངོན་དགའི་ཞིང་དུ་གཤེགས་སོ། །སྐུ་གདུང་ཞུགས་ལ་སྦྱངས་པ་ན། སྐུ་རུས་རྣམས་ལྷ་སྐུ་དང་རིང་བསྲེལ་གྱི་ཕུང་པོར་གྱུར་ཅིང༌། ཁྱད་པར་སྒལ་ཚིགས་ཉི་ཤུ་རྩ་གཅིག་ལ་སྤྱན་རས་གཟིགས་ཁྱད་མཚར་ཉི་ཤུ་རྩ་གཅིག་བྱོན་ཏོ། །རྗེ་འདི་ལ་སློབ་མ་ཇི་ལྟར་བྱུང་བ་ནི། དང་པོར་ཆེ་བ་སྤ་རྐྱང་གཉིས། བར་དུ་ཆེ་བ་བརྒྱ་འབྲས་གཉིས། ཐ་མར་ཆེ་བ་ལོ་རྒོད་གཉིས་ཞེས་ཡོངས་སུ་གྲགས་ལ། གཞན་ཡང་ཇོ་ཡེས། དགའ་ཡེས། བདེ་ཡེས་ཏེ་རྣལ་འབྱོར་གསུམ། གཡག་རས། ལི་རས། འགྲན་རས་ཏེ་རས་པ་གསུམ། རས་ཞིག །ཤངས་ཞིག །ཞིག་པོ་དཀོན་མཆོག་སེངྒེ། ཞིག་པོ་སྐྱེས་མཆོག་སྟེ་ཞིག་པོ་བཞི། དམ་པ་གཏེར་ཁུང་བ། དམ་པ་སྤ་སྒོ་བ། དམ་པ་ཀོ་བྲག་པ་སྟེ་དམ་པ་རྣམ་གསུམ་སོགས་དབུ་ཆེ་གདུགས་ཐོགས་པ་ཉིས་སྟོང་དང་བརྒྱད་བརྒྱ་ལ་སོགས་པ་དེ་དག་ལས་གྱེས་པ་ལ་སྟོད་འབྲུག་གནམ་གྱི་སྐར་མ། སྨད་འབྲུག་སའི་དྲེགས་པ། བར་འབྲུག་ཉི་ཟེར་རྡུལ་ཅེས་མང་བའི་དཔེར་གྲགས། ཁྱད་པར་རིགས་ཀྱི་དབོན། ཆོས་ཀྱི་སྲས་སུ་གྱུར་པ་དབོན་རས་དར་མ་སེང་གེ་ལས་གདན་ས་བརྒྱུད་པ་དང༌། དེའི་སློབ་མ་ཆོས་རྗེ་ཉིད་ཀྱིས་ལུང་བསྟན་པ་ཕ་ཇོ་འབྲུག་སྒོམ་ཞིག་པོ་ལས་ལྷོ་འབྲུག་བྱུང༌། རྡོ་གསོལ་བ་རིན་ཆེན་སེང་གེས་མདོ་ཁམས་ཕྱོགས་སུ་བསྟན་པ་སྤེལ། ཆགས་ལམ་སྐོར་རྫོགས་པར་གནང་ནས་ནུས་པ་ཐོན་པ་རས་པ་རྡོ་རྗེ་ཡེ་ཤེས་ལས་གསང་ཁྲིད་ཀྱི་རྒྱུན་བྱུང་བ་སྟེ། འབའ་རའི་གསང་ཁྲིད་བླ་བརྒྱུད་ལོ་རྒྱུས་ལས། འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱིས་སངས་རྒྱས་རས་པ་ཤྲཱི་བཛྲ་ཛྙཱ་ན་ལ་གནང༌། ཁོང་ལ་སྟོད་ཕྱོགས་སུ་རོ་སྙོམས་ལ་བྱོན་པ་དང༌། དཔལ་ཡང་དགོན་པ་གླང་སྐོར་ན་བཞུགས་པ་དང་མཇལ་ནས་གདམས་པ་རྣམས་ཞུས། ཕྱིས་ལྷ་གདོང་རང་དུ་སྤྱན་དྲངས་ནས་ཞུས་གསུངས་སོ། །ཡང་ཆོས་རྗེའི་སློབ་མ་མཆོག་ལྡན་རྡོ་རྗེ་དྲག་འབུམ་ཞུ་བ་ཞིག་ཀྱང་ཡོད་པར་བཤད། མདོར་ན་མི་ཕྱེད་འབྲུག་པ། འབྲུག་ཕྱེད་སྤྲང་པོ། སྤྲང་ཕྱེད་གྲུབ་ཐོབ་ཅེས་གྲགས་པས་ན། ཙ་རིར་རྡོ་རྗེ་ཕག་མོས་བསྟན་པས་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཁྱབ་པར་གསུངས་པ་དང༌། ཞང་འགྲོ་བའི་མགོན་པོས། འབྲུག་པའི་སྒོམ་ཞྭ་གྱོན་པས་ས་ཐམས་ཅད་ཁྱབ་པར་འགྱུར་ཞེས་ལུང་དུ་བསྟན་པ་རྣམས་ཐོག་ཏུ་བབ་པར་མངོན་སུམ་ཚད་མས་གྲུབ་བོ། །