ཆོས་དྲུག་བརྒྱུད་འདེབས་གསང་ཆེན་རོལ་མོའི་སྒྲ་དབྱངས།

༄༅། །ཟབ་ཆོས་ནཱ་རོ་ཆོས་དྲུག་གི་བརྒྱུད་འདེབས་གསང་ཆེན་རོལ་མོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

 ༄། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །བཀའ་བཞི་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །སྤུན་ཚོ་བདེ་ཆེན་གྱི་ཐང་ལ་འགྲོ་ཙ་ན། །བློ་ཨ་འཐས་ཀྱི་སྒོ་མོ་ཕྱེ་ནས་འགྲོ། །སེམས་གཟུང་འཛིན་གྱི་ཐག་པ་བཅད་ནས་འགྲོ། །ལས་ངན་སྡིག་སྒྲིབ་ཀྱི་ཁུར་པོ་བསྐྱུར་ནས་འགྲོ། །སྒོམ་འོད་གསལ་གྱི་ཞུན་མར་སྤར་ནས་འགྲོ། །ཏིལླི་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །དབང་ཕྱུག་མི་ལ་རས་པ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ མགོན་པོ་ཟླ་འོད་གཞོན་ནུ་ལ་གསོལ་བ་འདེབས། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ་གསོལ་བ་འདེབས། །གྲུབ་ཐོབ་གླིང་ཆེན་རས་པ་ལ་གསོལ་བ་འདེབས། །འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ དབོན་རས་དར་མ་སེངྒེ་ལ་གསོལ་བ་འདེབས། །ཆོས་རྗེ་གཞོན་ནུ་སེངྒེ་ལ་གསོལ་བ་འདེབས། །བྱང་སེམས་ཉི་མ་སེངྒེ་ལ་གསོལ་བ་འདེབས། །རྒྱལ་སྲས་སེངྒེ་ཤེས་རབ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ སྤོས་སྐྱ་པ་སེངྒེ་རིན་ཆེན་ལ་གསོལ་བ་འདེབས། །བཅུ་གསུམ་པ་སེངྒེ་རྒྱལ་པོ་ལ་གསོལ་བ་འདེབས། །འཇམ་དབྱངས་ཀུན་དགའ་སེངྒེ་ལ་གསོལ་བ་འདེབས། །མཁན་ཆེན་རྡོ་རྗེ་རིན་ཆེན་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ འཇམ་དབྱངས་བློ་གྲོས་སེངྒེ་ལ་གསོལ་བ་འདེབས། །སྤྲུལ་སྐུ་ཤེས་རབ་སེངྒེ་ལ་གསོལ་བ་འདེབས། །འཇམ་དབྱངས་ཡེ་ཤེས་རིན་ཆེན་ལ་གསོལ་བ་འདེབས། །གྲུབ་ཆེན་བློ་གྲོས་མཆོག་ལྡན་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ དྲིན་ཅན་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །མཚུངས་མེད་རྒྱལ་དབང་ཆོས་རྗེ་ལ་གསོལ་བ་འདེབས། །ངག་དབང་ཆོས་ཀྱི་རྒྱལ་པོ་ལ་གསོལ་བ་འདེབས། །འཇམ་དབྱངས་ཆོས་ཀྱི་གྲགས་པ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ ཀུན་སྤང་ཤེས་རབ་རྒྱ་མཚོ་ལ་གསོལ་བ་འདེབས། །རྒྱལ་སྲས་ངག་གི་དབང་ཕྱུག་ལ་གསོལ་བ་འདེབས། །ཀུན་མཁྱེན་ངག་དབང་ནོར་བུ་ལ་གསོལ་བ་འདེབས། །མཚུངས་མེད་རྡོ་རྗེ་འཛིན་པ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ མཉམ་མེད་ངག་དབང་བཟང་པོ་ལ་གསོལ་བ་འདེབས། །རྗེ་བཙུན་མི་ཕམ་བློ་གྲོས་ལ་གསོལ་བ་འདེབས། །རྒྱལ་བ་དཔག་བསམ་དབང་པོ་ལ་གསོལ་བ་འདེབས། །ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ མི་ཕམ་ཡར་འཕེལ་དབང་པོ་ལ་གསོལ་བ་འདེབས། །རྗེ་བཙུན་ཐུགས་ཀྱི་རྡོ་རྗེ་ལ་གསོལ་བ་འདེབས། །ལྷན་སྐྱེས་བདེ་ཆེན་རྡོ་རྗེ་ལ་གསོལ་བ་འདེབས། །མི་ཕམ་འཇམ་དཔལ་དཔའ་བོ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ གྲུབ་དབང་ཀརྨ་ཡན་ལག་ལ་གསོལ་བ་འདེབས། །རིག་འཛིན་ཆོས་རྒྱལ་རྡོ་རྗེ་ལ་གསོལ་བ་འདེབས། །གྲུབ་དབང་གྷ་ཎའི་མཚན་ཅན་ལ་གསོལ་བ་འདེབས། །ཀུན་མཁྱེན་བསྟན་པའི་ཉི་མ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ གྲུབ་དབང་ཤཱཀྱ་ཤྲཱི་ལ་གསོལ་བ་འདེབས། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ མ་ཅིག་གནས་གསུམ་མཁའ་འགྲོ་ལ་གསོལ་བ་འདེབས། །ཆོས་སྐྱོང་ཡེ་ཤེས་མགོན་པོ་ལ་གསོལ་བ་འདེབས། །དམ་ཆོས་ནཱ་རོའི་ཆོས་དྲུག་ལ་གསོལ་བ་འདེབས། །མཆེད་ལྕམ་རྡོ་རྗེ་སྤུན་ཚོགས་ལ་གསོལ་བ་འདེབས། །སྤུན་ཚོ༴ བློ༴ སེམས༴ ལས༴ སྒོམ༴ དབང་བཞི་སེམས་ལ་ཐོབ་པར་བྱིན་གྱིས་རློབས། །སྣང་སྲིད་ལྷ་སྐུར་འཆར་བར་བྱིན་གྱིས་རློབས། །རླུང་སེམས་དབུ་མར་ཚུད་པར་བྱིན་གྱིས་རློབས། །གཏུམ་མོའི་བདེ་དྲོད་འབར་བར་བྱིན་གྱིས་རློབས། །མ་དག་སྒྱུ་ལུས་འབྱོངས་པར་བྱིན་གྱིས་རློབས། །དག་པའི་སྒྱུ་ལུས་འཆར་བར༴ རྨི་ལམ་འཁྲུལ་པ་སངས་པར༴ འོད་གསལ་རང་ངོ་ཤེས་པར༴ བར་དོ་ལོངས་སྐུར་འཆར་བར༴ །འཕོ་བས་མཁའ་སྤྱོད་འགྲུབ་པར༴ །ཚེ་གཅིག་སངས་རྒྱས་འགྲུབ་པར༴ །མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །

ཞེས་ཡོངས་གྲགས་ཆོས་དྲུག་བརྒྱུད་འདེབས་གསང་ཆེན་རོལ་མོའི་སྒྲ་དབྱངས་འདི་ཉིད་རྩིབས་རི་སྤར་མ་ཇི་བཞིན་བཀོད་པ་ཡིན་ཞིང༌། གཞན་རྒྱལ་དབང་དགུ་པས་ཆོས་དྲུག་བརྒྱུད་འདེབས་བསྡུས་པ་ལས། འཇམ་དཔལ་དཔའ་བོ་ནས་ཡེ་ཤེས་གྲུབ་པ། ཁུ་ནུ་གྲུབ་ཆེན་འཇམ་དབྱངས་རྣམ་རྒྱལ་སོགས་བཀོད་པའང་ཡོད་དོ། །