ཅོག་གྲྭ་ལྔ་པ་མི་ཕམ་བསྟན་པའི་ཉི་མའི་རྣམ་ཐར།

 

༈ རྒྱལ་དབང་བརྒྱད་པའི་སློབ་མ་ཅོག་གྲྭ་སྐུ་ཕྲེང་ལྔ་པ་མི་ཕམ་བསྟན་པའི་ཉི་མ་ནི། རང་ལུགས་འབྲུག་པ་དཀར་བརྒྱུད་ཀྱི་དབང་བརྒྱུད་མན་ངག་ཡོངས་རྫོགས་ཐོས་བསམ་སྒོམ་གསུམ་མཛད་ནས། ཕྱག་ཆེན། ཆོས་དྲུག་སོགས་ཀྱི་བཀའ་རྩོམ་ཡང་མང་དུ་གནང༌། སྔར་སྡིངས་ཆེ་དགོན་དུ་ཡོད་པའི་ཡིག་རིགས་མི་འདྲ་བ་དྲུག་ཅུ་རྩ་བཞིའི་མ་ཎི་རྡོ་བརྐོས་སོགས་ཀྱི་མ་ཡིག་ཀྱང་ཕྱག་བྲིས་མཛད་པར་གྲགས། སྒྲུབ་སྡེ་དང༌། འོག་མིན་བདེ་ཆེན་རྩེ་ཞེས་པའི་ཅོག་གྲྭའི་གཟིམ་ཆུང་གསར་བཞེངས་དང༌། མདོ་དབུས་ཁམས་གསུམ་དང༌། ལ་དྭགས། འབྲུག་ཡུལ་སོགས་ནས་འདུས་པའི་སློབ་མའི་ཚོགས་ཤིན་ཏུ་མང་བས་སྒར་གསེབ་ཏུའང་མི་ཤོང་བར་གྲགས། ལྷག་པར་ལ་དྭགས་རྒྱལ་པོའི་དབུ་བླ་མཛད་སྐབས་ལ་དྭགས་རྒྱལ་པོས་རྒྱལ་ཁམས་གཞན་ལ་བཙན་གནོད་མི་བྱེད་པའི་དམ་བཅའ་བཞག་སྟེ། རྒྱལ་པོ་ཉིད་ཀྱི་ཕྱག་མདའ་སྒམ་ཤིང་ཙནྡན་སྟེང་གསེར་དངུལ་གྱི་རྒྱན་དང༌། རིན་ཆེན་དུ་མས་ཕྲ་རྒྱན་གྱིས་མཛེས་པའི་རིན་ཐང་བྲལ་བ་ཕུལ་བ་སོགས་རྒྱལ་ཁམས་ཆོས་ལ་བཀོད་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས། དགུང་གྲངས་ལྔ་བཅུའི་སྐོར་བཞུགས་པར་བཤད་དོ། །ཕྱག་ཆེན་བརྒྱུད་འདེབས་རྣམས་སུ་ཡོངས་འཛིན་ལྔ་པ་ཡེ་ཤེས་གྲུབ་པ་ནས་རྗེ་འདི་ཉིད་དང༌། དེ་ནས་ངེས་དོན་བསྟན་པའི་ཉིན་བྱེད་ལ་བརྒྱུད་པར་གསུངས་པས། ཡོངས་འཛིན་ལྔ་པ་བླ་མར་བསྟེན་པ་དང་སློབ་མའི་གཙོ་བོར་རྒྱལ་དབང་དགུ་པ་ངེས་དོན་བསྟན་པའི་ཉིན་བྱེད་ཡིན་པར་གསལ་ལོ། །