ཅོག་གྲྭ་གཉིས་པ་སྙན་གྲགས་དཔལ་བཟང་གི་རྣམ་ཐར།

ངག་དབང་ཀུན་དགའི་མེ་ཏོག་ལྷུན་གྱིས་གྲུབ། །

སྙན་གྲགས་དཔལ་གྱི་དྲི་བསུང་ཕྱོགས་ཀུན་ཁྱབ། །

གསང་ཆེན་བསྟན་འཛིན་བཟང་པོའི་འབྲས་བུ་སྨིན། །

དོན་བརྒྱུད་སྐྱེད་ཚལ་མཛེས་རྒྱན་རྣམ་གསུམ་འདུད། །

 

༈ རྒྱལ་དབང་དཔག་བསམ་དབང་པོའི་ཞལ་སློབ་སྤྲུལ་སྐུ་རྣམ་གསུམ་ལས། རྗེ་ཅོག་གྲྭ་སྤྲུལ་སྐུ་མི་ཕམ་ངག་དབང་སྙན་གྲགས་དཔལ་བཟང་ནི། གཡོ་རུའི་ཡུལ་གྱི་སྟོད། བཟང་ཡུལ་གྲོང་གསར་དུ། ཡབ་ནང་སོ་གཡུང་དྲུང་རྒྱལ་པོ་དང་ཡུམ་བསོད་ནམས་བུ་ཁྲིད་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ས་རྟ་༼༡༦༡༨༽ལོར་སྐུ་འཁྲུངས། བོད་མཁས་པ་དང་འཁྲུངས་ལོ་གཅིག །དགུང་ལོ་བཞི་ཙམ་པའི་དུས་བསྟོད་ཚོགས་འགའ་རེ་དང༌། ཡི་གེའི་ཕྱི་མོ་སུམ་ཅུ། རི་མོའི་འདུ་བྱེད་རྣམས་རང་བྱུང་དུ་མཁྱེན། གོང་མའི་ཞལ་སློབ་བསམ་གཏན་པ་བགྲེས་པོ་ཞིག་མཇལ་དུ་ཕྱིན་པས། བསམ་གྲུབ་རྣམ་རྒྱལ་ཡིན་པ་འདུག་གསུང་ངོ་ཤེས། རྒྱལ་དབང་འབྲུག་པ་དཔག་བསམ་དབང་པོས་རྗེ་གོང་མའི་སྤྲུལ་སྐུར་འཁྲུལ་མེད་དུ་ངོས་བཟུང༌། ཞལ་མཇལ་བའི་ཚེ་སྔར་འདྲིས་ཀྱི་མཛའ་བོ་འཕྲད་པ་ལྟར་གྱུར། གཙུག་ཕུད་བཞེས་ཏེ། མཚན་ངག་དབང་སྙན་གྲགས་དཔལ་བཟང་པོར་གསོལ། དྲུག་པར་གདན་ས་དོན་ཀུན་གྲུབ་པའི་ཀུན་དགའ་ར་བར་མངའ་གསོལ་རྟེན་འབྲེལ་རྒྱས་པ་མཛད། དུས་ཞབས་ཆེན་པོ་དཔལ་རྒྱས་ལོ་ཙཱ་བ་སློབ་དཔོན་དུ་བསྟེན་ནས་སྒྲ་སྙན་ངག །རྩིས་དཀར་ནག་སོགས་ཐུན་མོང་གི་རིག་གནས་དང༌། སྡོམ་པ་གསུམ་དང་རྒྱུད་སྡེ་བཞི་སོགས་ཐུན་མིན་གྱི་གཞུང་ལུགས་ཕྲ་རགས་ཀུན་ལ་མ་རྨོངས་པའི་ཐོས་བསམ་མཐར་ཕྱིན་པ་གྱུར། བཅོ་བརྒྱད་པར་རྒྱལ་དབང་འབྲུག་པ་དཔག་བསམ་དབང་པོའི་ཞལ་སྔ་ནས་མཁན་པོ་དང༌། རྗེ་མི་ཕམ་བློ་གྲོས་ཀྱིས་ལས་སློབ་མཛད་དེ། དགེ་འདུན་ཚང་བའི་དབུས་སུ་བསྙེན་པར་རྫོགས། དེ་ནས་བཟུང་ཚོགས་ཀྱི་འཁོར་ལོའི་དམ་ཚིག་ཏུ་དྲི་ཙམ་ལས་དམར་སྐྱུར་སྤྱན་ལམ་དུ་མི་འགྲིམ་པར་བཙུན་པའི་དཔེར་འོས། རྒྱལ་དབང་མཆོག་རིགས་ཀྱི་བདག་པོར་བསྙེན་ཏེ། འབྲུག་ལུགས་གཙོ་བོར་གྱུར་པའི་སྨིན་གྲོལ་གྱི་རིམ་པ་དཔག་ཏུ་མེད་པ་གསན་བཞེས་གནང་ཞིང༌། མཐའ་དྲུག་ཚུལ་བཞི་ཕྱི་ནང་གཞན་གསུམ་གྱི་དོན་ཐམས་ཅད་སྤོམ་ཡོར་དུ་མ་བཞག་པར་ཞུ་ཏིག་དང་ནན་ཏན་ཆེན་པོས་གཏན་ལ་ཕབ་ཅིང༌། ཐུགས་རྒྱུད་དང་སྦྱར། ཁྱད་པར་ཕག་མོའི་བྱིན་རླབས་གནང་དུས་ཡེ་ཤེས་ཀྱི་རོལ་པ་ལ་འབྱམས་ཏེ། བྱིན་རླབས་འཕོ་བའི་དབང་ཐོབ། དེའི་ཚེ་བླ་མ་དང་ལྷག་པའི་ལྷ་དབྱེར་མེད་པའི་ཞལ་ནས། ཕྲིན་ལས་རབ་འབྱམས་འགྲུབ་པར་ལུང་བསྟན། ཆོས་འདིའི་བཀའ་བབ་ཡོངས་སུ་གཏད་དོ། །ཆོས་རྗེ་མི་ཕམ་བློ་གྲོས་ལ། ཚེ་དབང་གྲུབ་རྒྱལ་ལུགས། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་རིག་འཛིན་འཇའ་ཚོན་སྙིང་པོའི་གཏེར་ལུགས་ཀྱི་དབང་རྣམས་གསན། སྔགས་འཆང་ཚེ་བདག་བཀྲ་ཤིས་ཀྱི་རིགས་དབོན་ཚེ་བདག་དཔའ་བོར་གྲགས་པ་ལའང་རྙིང་མའི་བཀའ་གཏེར་སྐོར་མང་པོ་གསན། ཅོག་གྲྭའི་སྤྱི་སྒེར་ལས་སྣེ་ཐམས་ཅད་བཀའ་བགྲོས་ཏེ། ཅོག་གྲྭའི་བསྟན་པ་ལ་གཟིགས་དགོས་པའི་ཞུ་ནན་ངོར། དགེ་འདུན་ཅོག་པུ་བ་རྒྱུ་སྐར་གྱི་ཕྲེང་བ་ལྟར་བསྐོར་བའི་དབུས་སུ་བཞུགས་ཏེ། ཕྱི་གནས་ཁང་ལ་ཞེན་པ་ལྡོག་ཕྱིར་ཅོག་པུའི་ཆོས་སོགས་དཔལ་ལྡན་འབྲུག་པའི་ཁྱད་ཆོས་ཀྱི་རིམ་པ་ཁྲིད་ཆུང་བརྒྱད་དུ་གྲགས་པའི་རིང་སྲོལ་ཉམས་པ་མེད་པར་བསྐྱངས། ཤིན་ཏུ་དབེན་པའི་གནས་དུ་མར་སྒྲུབ་པ་མཛད་ཅིང༌། བརྗོད་དུ་མེད་པའི་ཡེ་ཤེས་ཆེན་པོའི་རྩལ་ཁ་ཕྱོགས་མེད་དུ་རྒྱས། རྒྱལ་དབང་དྲུག་པ་མི་ཕམ་དབང་པོ་རྩ་འཛིན་ཁྲི་གསོལ་དང༌། ཚེ་དཔག་མེད་གོང་ཁུག་མ། ཚེ་རིང་མཆེད་ལྔའི་རྗེས་གནང༌། གུ་དྲག་ཀཱི་ལ་ཡ། དཔལ་ལྡན་དུད་སོལ་མའི་གསང་སྒྲུབ་རྔོག་ལུགས་སོགས་དབང་བྱིན་རླབས་བཀའ་གཏད་སོགས་དུ་མ་ཕུལ། དེ་བཞིན་གྲུབ་དབང་སྤྲུལ་སྐུའི་གཙུག་ཕུད་བཞེས་ཤིང་བསླབ་སྡོམ་བསྩལ། གཞན་ཡང་དགེ་འདུན་སྤོང་བའི་ཚུལ་ཅན་དང་དོན་གཉེར་མང་པོར་ཕྱག་ཆེན་དང༌། བསྲེ་འཕོའི་སྐོར། ལམ་ཟབ་སྐོར། རྟེན་འབྲེལ། རོ་སྙོམས་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་ཡུན་རིང་པོར་བསྐོར་ཏེ། སྐལ་བཟང་གི་སློབ་མ་གྲངས་ཀྱིས་མི་ཆོད་པ་རྗེས་སུ་བཟུང༌། གྲྭ་དོན་གྲུབ་མཐོང་སྨོན་དུ་གཙུག་ལག་ཁང་ཀ་བ་བརྒྱད་ཅུ་ལྷག་པའི་འདུ་ཁང་བཟོ་བཀོད་རྣམ་པར་བཀྲ་བ་དང༌། དཔེ་ཟླ་མེད་པའི་བཀའ་བརྒྱུད་གསེར་ཐང་ཐོག་ཚད་མ་བཅུ་བདུན། མགོན་མང་བྲིས་ཐང་བཅུ་གསུམ་སོགས་རྟེན་གསུམ་གསར་བཞེངས་རྒྱ་ཆེར་གནང༌། དེ་ལྟར་བསྟན་འགྲོའི་དོན་མཛད་བཞིན་པར་དགུང་ལོ་རེ་གསུམ་པ་ལྕགས་སྤྲེལ་༼༡༦༨༠༽ལོའི་ཟླ་བ་དང་པོའི་ཚེས་ཉེར་བདུན་གྱི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །རྗེ་འདི་ཉིད་མཁས་བཙུན་བཟང་གསུམ་ལ་ཟླ་མེད་པར་གྲགས་པས། གསུང་རྩོམ་ཡང་གནས་བརྟན་བཅུ་དྲུག་གི་རྟོགས་པ་བརྗོད་པ་ཛམྦུའི་སྙེ་མ་དང༌། འཇིག་རྟེན་བསྟན་བཞག །གཞན་ཡང་གསུང་མགུར། ཞལ་གདམས། ཆབ་ཤོག །ཆོག་སྐོར་སོགས་ལེགས་བཤད་ཀྱི་བསྟན་བཅོས་མང་པོ་བཞུགས། གསུང་ལས་སྐྱེས་པའི་སློབ་མ་ནི། སྟག་རྩེ་སྐུ་སྐྱེ་བྱ་བཏང་མི་ཕམ་ཕུན་ཚོགས་ཤེས་རབ། ཨ་རྫོང་སྐུ་སྐྱེ་སྒྲུབ་བརྒྱུད་ཡར་འཕེལ། དུང་ལ་སྐུ་སྐྱེ་བགྲེས་གཞོན་གཉིས། བྱ་བཏང་གྲུབ་ཆེན་བཀྲ་ཤིས་རྒྱ་མཚོ། རྟོགས་ལྡན་ཀུན་དགའ་རྒྱ་མཚོ། གྲུབ་ཆེན་ངག་དབང་ཆོས་འཕེལ། གསང་གླིང་བླ་མ་བསྟན་རྒྱམ། ཁམས་པ་བླ་མ་ངག་དབང་བཀྲ་ཤིས། བླ་མ་བསམ་གྲུབ་ཆོས་རྫོང༌། དགེ་བཤེས་འཛམ་འབྲུག །དགེ་སློང་འབྲུག་རྡོ་རྗེ། དབུ་མཛད་ཕྲིན་ལས་རྡོ་རྗེ། དགེ་སློང་བསྟན་འཕེལ་སོགས་མཁས་གྲུབ་མང་པོ་བྱུང་སྣང་ངོ༌། །