གྲུབ་སྲས་འཕགས་མཆོག་རྡོ་རྗེའི་རྣམ་ཐར།

༈ གྲུབ་སྲས་འཕགས་མཆོག་རྡོ་རྗེ་ནི། ཁམས་གྲུ་རི་གསོལ་སྡེར་ཁར། ཡབ་གྲུབ་དབང་ཤཱཀྱ་ཤྲཱི་དང༌། ཡུམ་ཐོ་ཚ་བ་ཆོས་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ལོར་འཁྲུངས། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཐུགས་སྤྲུལ་དུ་གྲགས། རིམ་པས་ཡབ་ལས་རང་གཏེར་དག་སྣང་སྙན་རྒྱུད་ཀྱི་སྐོར་སོགས་ཀྱི་སྨིན་གྲོལ་ཆ་ཚང་དང༌། སྔོན་འགྲོ་དང་དངོས་གཞི་ཕྱག་རྫོགས་ཀྱི་ཉམས་ཁྲིད་ཞིབ་ཆ་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། ཕན་ཚུན་བཀའ་ཆོས་སྤེལ་མར་གསན་བཞེས་གནང༌། གཞན་ཡང་ཁམས་སྤྲུལ་དྲུག་པ་བསྟན་པའི་ཉི་མ་དང༌། ཆབ་མདོ་འཕགས་པ་ལྷ་ཕྲིན་ལས་རྒྱ་མཚོ། གཏེར་ཆེན་ཉི་མ་གྲགས་པ། གོང་ས་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ། རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་པ། ཨ་འཛོམ་འབྲུག་པ་རིན་པོ་ཆེ་སོགས་གསར་རྙིང་རིས་མེད་ཀྱི་དམ་པའི་སྐྱེས་བུ་མང་པོ་བསྟེན་ཅིང༌། སྨིན་གྲོལ་ཟབ་ཆོས་མང་དུ་གསན། འཆད་པ་དང་རྩོམ་པ་སོགས་མཁས་པའི་བྱ་བ་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་ཉེར་ལྔ་པར་བལ་ཡུལ་དུ་ཕེབས་ནས། ཡབ་རྗེ་དམ་པའི་དགོངས་བཞེད་བཞིན་རང་བྱུང་མཆོད་རྟེན་འཕགས་པ་ཤིང་ཀུན་སོགས་བལ་ཡུལ་མཆོད་རྟེན་རྣམ་གསུམ་ཉམས་གསོ་མཐར་ཕྱིན་པ་མཛད། རབ་ཏུ་གནས་པའི་མེ་ཏོག་འཐོར་བའི་ཚེ་འཕེལ་གདུང་གི་ཆར་བབས་པ་སོགས་ངོ་མཚར་ཁྱད་དུ་འཕགས་པ་བྱུང༌། གཞན་ཡང་བྱར་སྐྱིད་ཕུག །སེར་བཀྲ་ཤིས་སྟེང༌། གྲུ་གུ་གསོལ་སྡེར་ཁར་སྒྲུབ་སྡེ་གསར་འཛུགས་དང༌། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད། གྲུབ་དབང་རིན་པོ་ཆེའི་འདྲ་སྐུ་བཞེངས་པ་ལས། ཕྱིས་དབུ་སྐྲ་ཉག་མ་མཐོ་གང་ལྷག་འཁྲུངས་པའི་ངོ་མཚར་ཅན་བྱུང༌། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང༌། དིལ་མགོ་མཁྱེན་བརྩེ་བཅས་ལ་གྲུབ་དབང་དགོངས་གཏེར་སྐོར་རྫོགས་པར་ཕུལ་བ་སོགས་གྲུབ་དབང་རིན་པོ་ཆེའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ། གྲུ་གུ་ལྷ་བྲག་ཕུག་ཏུ་མི་ལོ་བཅུ་གསུམ་ཙམ་ངེས་དོན་སྙིང་པོའི་སྒྲུབ་པ་ལ་གཞོལ་བས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། སྐུ་ཆིངས་གསོལ་སྐབས་སྐུ་མི་སྣང་བར་རང་བཞིན་གྱིས་མདུད་པ་ཐེབས་པ་དང༌། མཚན་མོ་ཟླ་འོད་ལ་སྐུ་ལ་གྲིབ་མ་སྐྱ་ཡམ་ཙམ་ལས། གཞན་གྱི་གྲིབ་མ་ལྟར་མེད་པ་སོགས་ངོ་མཚར་མང༌། སྒྲུབ་པ་གཙོ་བོར་མཛད་པའི་ཞར་དུ་གོ་འཇོ་མཁར་ལེར་རི་ཁྲོད་དུ་སྒྲུབ་ཆེན་བཙུགས་ཤིང༌། དུད་གྲངས་སུམ་བརྒྱ་ཙམ་གྱིས་ལོ་གཅིག་ལ་སྒོ་བཤས་སྤོང་བར་ཁས་བླངས་པས་མཚོན་མདོ་ཁམས་ཀྱི་སྐྱེ་བོ་བགྲང་ལས་འདས་པ་ཕན་བདེའི་ལམ་ལ་བཀོད། སྐལ་བཟང་གི་སློབ་མ་དུ་མ་རྗེས་སུ་བཟུང་ཞིང་སྨིན་གྲོལ་གྱི་ཕ་ཕོགས་ཡིད་བཞིན་དུ་སྩོལ་བ་སོགས་བསྟན་འགྲོའི་དོན་ཆེན་མཛད་བཞིན་པར། དགུང་གྲངས་ལྔ་བཅུ་ལ་ཁྲག་རླུང་ལྟ་བུས་སྐུ་ཁམས་མ་བདེ་བར། འགའ་ཞིག་གིས་སྐུ་ཚེའི་རྟེན་འབྲེལ་དུ་གསང་ཡུམ་ཞིག་བཞེས་ན་ལེགས་པ་ཞུས་ཀྱང༌། དེ་འདྲའི་སྔགས་སྤྱོད་རང་འདྲ་བས་ཡོང་མི་ཐུབ་གསུངས་ནས་ཞལ་བཞེས་མ་གནང༌། དེ་ནས་དགུང་གྲངས་ང་གཅིག་པ་ཆུ་ལུག་༼༡༩༤༣༽ ལོའི་བོད་ཟླ་བཅུ་གཅིག་པའི་གནམ་གང་ཉིན་སྐུ་ཞི་བར་གཤེགས་པའི་ཚུལ་བསྟན་ཏོ། །གདུང་རུས་ལ་ཀུན་མཁྱེན་ཀློང་ཆེན་པའི་སྐུ་རང་བྱོན་དང་རིང་བསྲེལ་ཁ་དོག་སྣ་ཚོགས་པ་བྱོན། རྗེ་འདིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་ཁྲིད་རིམ་གྱི་ཟིན་ཐུན་རྒྱལ་ཀུན་དགྱེས་པའི་གསང་མཛོད་དང༌། ཞལ་གདམས་གསུང་མགུར་སོགས་པོད་གསུམ་ཙམ་བཞུགས། སློབ་མ་ནི། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། དིལ་འགོ་མཁྱེན་བརྩེ་རིན་པོ་ཆེ། ཁམས་སྤྲུལ་བརྒྱད་པ་སྐལ་བཟང་དོན་བརྒྱུད་ཉི་མ། འཛི་སྒར་ཐུགས་སྲས་རིན་པོ་ཆེ། གྲུ་གུ་ཆོས་རྒྱལ་རྒྱ་མཚོ། ཁམས་སྲས་ངག་དབང་བདེ་ཆེན། གཏེར་སྟོན་རིན་ཆེན་གླིང་པ། གྲུ་གུ་བླ་རྒན་སྤྲུལ་སྐུ། ཁམས་སྒར་ཡོན་དགེ་སྤྲུལ་སྐུ། གནས་མདོ་ཆགས་མེད་རིན་པོ་ཆེ། འཕགས་པ་ལྷ་ཕྲིན་ལས་རྒྱ་མཚོ། འཇམ་མགོན་པདྨ་བདེ་ཆེན། རྒྱ་གར་བ་བློ་གྲོས་རྡོ་རྗེ། སྔོ་ཤུལ་ཀུན་དགའ། ཨར་རྩ་སྤྲུལ་སྐུ་འཇིགས་དགའ། ཉེ་གནས་བླ་མ་སངས་རྒྱས་རྡོ་རྗེ་སོགས་གཞན་དོན་ནུས་པའི་སློབ་མ་མང་པོ་བྱུང་ངོ༌། །