གྲུབ་དབང་སྤྲུལ་སྐུ་བསྟན་འཛིན་བཟང་པོའི་རྣམ་ཐར།

 

༈ རྒྱལ་དབང་དཔག་བསམ་དབང་པོའི་ཞལ་སློབ་སྤྲུལ་སྐུ་རྣམ་གསུམ་ལས། གྲུབ་དབང་སྤྲུལ་སྐུ་ངག་དབང་བསྟན་འཛིན་བཟང་པོ་ནི། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་འབྲུག་སྨྱོན་ཀུན་དགའ་ལེགས་པའི་སྐུ་སྐྱེ་གྲུབ་ཐོབ་རིན་པོ་ཆེ་ཞེས་པ་ཀུན་མཁྱེན་པད་དཀར་གྱི་དངོས་སློབ་གྲས་སུ་བཞུགས་ཤིང༌། དེའི་ཡང་སྲིད་འདི་ཉིད། སྡེ་པ་ལྷ་ཁང་པའི་ཕྱག་གཡོག་ཅིག་ལ་འཁྲུངས་ཤིང༌། ཉི་ཟེར་ལ་ལུག་ཤ་ལག་ཡ་འགེལ་བ་སོགས་གྲུབ་པའི་རྟགས་ངོ་མཚར་བ་མང་པོ་སྟོན་པ་དེ་ལ། རྒྱལ་དབང་དཔག་དབང་པོས་ཆུ་ཁྱི་ལོ་ཤར་མཚོམས་སུ་ངོས་འཛིན་བདག་རྐྱེན་སོགས་གྲུབ་ཐོབ་རིན་པོ་ཆེ་ལ་གནང་བ་བཞིན་མཛད། ཡབ་ཡུམ་ལ་བླུ་ཡོན་དང་ཁྲལ་ཆག་སོགས་ཡིད་ཚིམས་པར་གནང༌། དབུ་སྐྲ་གཙུག་ཕུད་བཞེས། འབྲུག་ངག་དབང་བསྟན་འཛིན་བཟང་པོ་ཞེས་མཚན་སྩལ། ན་བཟའ་སོགས་འཕྲལ་གྱི་ཉེར་མཁོ་སྒར་ཕྱག་མཛོད་ནས་གནང་བ་དང༌། ཕྱིས་ལྕགས་ལུག་ལོར་ཅིག་ཅར་དཔལ་གྱི་ནགས་ལྗོངས་ཀྱི་རྡོ་རྗེ་འཛིན་པར་རྡོར་འཛིན་གཞན་ལས་ལྷག་པའི་བསྐོ་བཞག་གནང་ཞིང༌། ཤིང་ཕག་ལོར་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་པོ་རྒྱལ་དབང་རྫོགས་པའི་སངས་རྒྱས་དཔག་བསམ་དབང་པོ། འཁོར་དགྲ་བཅོམ་པ་རྣམ་པར་གྲོལ་བའི་ཡེ་ཤེས་མངོན་དུ་མཛད་པ་ཆོས་རྗེ་མི་ཕམ་བློ་གྲོས་དང་རྒྱལ་དབང་པད་དཀར་སོགས་རིག་གྲོལ་སྨྲ་བའི་དགེ་འདུན་གྱི་དབུས་སུ་དགུན་ཟླ་བཞི་པའི་གྲལ་ཚེས་བཟང་པོ་མངོན་དུ་གྱུར་པར་བསྙེན་པར་རྫོགས། མཁན་པོ་དེ་ཉིད་ཀྱིས། ཡོངས་འཛིན་སྤྲུལ་སྐུ་དང་འདི་གཉིས་སྒེར་ལ་དཔལ་ལྡན་ལྷ་མོའི་རྗེས་གནང༌། ཕྱག་ཆེན་གྱི་ཁྲིད་བསྩལ་ཅིང༌། གཞན་ཀུན་མཁྱེན་བཀའ་འབུམ་གྱི་ལྗགས་ལུང་སོགས་གནང་ནས་རྗེས་སུ་བཟུང༌། དུས་འཁོར་བསྡུས་རྒྱུད་རྒྱུགས་འབུལ་མཛད་པ་སོགས་གསན་སྦྱང་མཐར་ཕྱིན་པ་མཛད། ཅོག་གྲྭ་སྙན་གྲགས་དཔལ་བཟང་སོགས་བླ་མ་མང་པོ་ལས་བཀའ་ཆོས་གསན། འདི་ཉིད་སྐུ་ན་ཕྲ་མོ་ནས་གྲུབ་རྟགས་ཀྱི་སྙན་གྲགས་ཆེ་ཞིང༌། བཟང་ལ་སྐུ་བཙུན་པས་ངུར་སྨྲིག་འཛིན་པའི་བརྟུལ་ཞུགས་ཆེན་པོར་བཞུགས་ཤིང༌། གཞན་སྣང་དབང་དུ་འདུས་པའི་ཕྲིན་ལས་ཀྱི་སྣང་བས་དཔལ་རིར་གྲྭ་ཚང་འཛུགས་པ་སོགས་བསྟན་པའི་བྱ་བའང་རྒྱ་ཆེར་མཛད་པ་ཞིག་ཡིན་པས། གྲུབ་དབང་སྐུ་ཕྲེང་ལྔ་པ་ཀུན་དགའ་མི་འགྱུར་རྡོ་རྗེས་མཛད་པའི་འཁྲུངས་རབས་གསོལ་འདེབས་ལས་ཀྱང༌། མཐའ་ཡས་རྨད་བྱུང་སྙིང་རྗེའི་གཞན་དོན་ལ། །ལྷག་པར་དགྱེས་ནས་རྣམ་མང་འགྲོ་བའི་ཁམས། །ཡང་དག་ངེས་གསང་བདུད་རྩིས་བརླན་མཛད་པ། །ངུར་སྨྲིག་འཛིན་པ་ཆེ་དེར་གསོལ་བ་འདེབས། །ཞེས་གསུངས་སོ། །འདིའི་རྣམ་ཐར་ཤིན་ཏུ་དཀོན་པས་ལོ་ཆེན་དཔལ་རྒྱས་དབང་པོས་མཛད་པའི་རྒྱལ་དབང་དཔག་བསམ་དབང་པོའི་རྣམ་ཐར་སོགས་ལས་འབྱུང་བ་ལྟར་ཡིན་ནའང་ད་དུང་འཁྲུངས་འདས་ལོ་ཚིགས་གསལ་པོ་མ་རྙེད་དོ། །