གྲུབ་དབང་ཤཱཀྱ་ཤྲཱིའི་རྣམ་ཐར།

 

 

 

 

 

 

འཕགས་ཡུལ་གྲུབ་བརྒྱའི་སྤྱི་མེས་ས་ར་ཧ། །

གངས་ཅན་མདའ་སྣུན་གཉིས་པ་གླིང་ཆེན་རས། །

སླར་ཡང་ཟུང་འཇུག་སྒྱུ་འཕྲུལ་རོལ་པའི་གར། །

གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་ལ་འདུད། །

 

༈ གྲུབ་དབང་ཤཱཀྱ་ཤྲཱིའི་རྣམ་ཐར་ནི། ཁམས་ཆབ་མདོ་བེ་རུའི་འབྲོག་སྡེར། ཡབ་སྣ་རུ་དོན་ལྡན་དང༌། ཡུམ་ཉ་མཚོ་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་ཆུ་གླང་༼༡༨༥༣༽ལོར་འཁྲུངས། སྐུ་ཆུང་ངུ་ནས་དམ་པའི་ཡོན་ཏན་ལྷན་སྐྱེས་སུ་མངའ། ནར་སོན་པ་དང་གྲུ་དགོན་མཆོག་སྤྲུལ་མདུན་ཚངས་པར་སྤྱོད་པའི་སྡོམ་པ་མནོས་ཤིང་དགོན་དེར་སྒྲིགས་ཞུགས་མཛད། མདོ་ཁམས་དྲུག་པ་བསྟན་པའི་ཉི་མ་དང༌། གྲུབ་དབང་ཚོགས་གཉིས་རིན་པོ་ཆེ་ལས་ཕྱག་ཆེན་དང་ཆོས་དྲུག་སོགས་སྨིན་གྲོལ་གྱི་གདམས་པ་རྣམས་ཚུལ་བཞིན་གསན་ནས། ཕྱག་ཆེན་ལྷན་སྐྱེས་ཀྱི་རང་ངོ་ལུས་གནད་དང་བཅས་རྟག་ཏུ་བསྐྱངས་པས་དཀའ་ཐུབ་ཀྱི་དཔེར་འོས་པ་བྱུང༌། སྐུ་གཞོན་པའི་དུས་ཁས་ཉེན་པ་བྱུང་ཡང་གང་བྱུང་ལམ་དུ་བསླངས་ཏེ་བསྒོམས་པས་ཉམས་རྟོགས་ཀྱི་རྩལ་འཕྲལ་དུ་རྒྱས། གསང་ལམ་མཁའ་འགྲོ་སྙན་བརྒྱུད་ཀྱི་བཀའ་བབ་ཁྱད་པར་ཅན་བྱུང་ནས། བདེ་ཆེན་མཆོག་གི་ཉེ་རྒྱུ་གཞན་ལུས་ལས་ཀྱི་ཕྱག་རྒྱ་ཐོ་ཚ་བ་ཆོས་བཟང་སྒྲོལ་མ་ཞེས་པ་མཚན་ལྡན་གྱི་ཌཱ་ཀི་དེ་ཉིད་གསང་ཡུམ་དུ་བཞེས་ཏེ། སྒྲུབ་གནས་ཐོག་མར་གྲུ་གུའི་གཟིམས་ཕུག་ཅེས་པར་རྩེ་གཅིག་ཏུ་སྒྲུབ་པ་མཛད་པ་ནས་བཟུང༌། ལྷ་བྲག་པདྨ་ཡང་རྫོང༌། རྡོ་རྗེའི་ཕུག་རིང་སོགས་སུ་ངེས་དོན་སྙིང་པོའི་སྒྲུབ་པ་ལ་ཡུན་རིང་གཞོལ་བས། ཉམས་རྟོགས་ཀྱི་ཡོན་ཏན་ཇི་ལྟ་བ་བཞིན་འཁྲུངས་ནས་གྲུབ་ཐོབ་ཀྱི་སྙན་པས་ཕྱོགས་ཀུན་ཁྱབ། འབྲུག་ཡོངས་འཛིན་ཤེས་བྱ་ཀུན་མཁྱེན་མདོ་ཁམས་སུ་ཕེབས་སྐབས་ལྗོངས་འདིར་སྦས་པའི་རྣལ་འབྱོར་འདི་འདྲ་བ་བཞུགས་པ་ངོ་མཚར་ཆེ་ཞེས་བསྟོད་བསྔགས་ཚད་མེད་མཛད། མཚན་ཡང་ཤཱཀྱ་ཤྲཱི་ཞེས་གསོལ། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་རྗེ་ཉིད་ཀྱི་གཏེར་བྱུང་དབང་ཆོས་རྒྱས་པར་བསྩལ་ཅིང༌། ཆོས་བདག་ཏུ་མངའ་གསོལ། རྫོགས་ཆེན་ཡང་གསང་བླ་མེད་ཀྱི་ལྟ་སྒོམ་ཚད་དུ་ཕྱིན་པ་ཞིག་རེད་འདུག་ཅེས་བསྔགས་བརྗོད་གནང༌། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེ་ནས་ཀྱང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཉིད་ནི་རྡོ་རྗེ་འཆང་གི་དགོངས་པ་མངོན་དུ་གྱུར་པ་རེད་ཅེས་ཡང་ཡང་གསུངས་ཤིང༌། ཤཱཀྱ་ཤྲཱི་ལ་ཛྙཱ་ནའི་མཚན་བསྣན་ནས་མངའ་གསོལ། གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། ཨ་འཛོམས་འབྲུག་པ་རིན་པོ་ཆེ། རྫ་དཔལ་སྤྲུལ་རིན་པོ་ཆེ་སོགས་ལས་དབང་ཆོས་གསན་ཞིང༌། དེ་རྣམས་ཀྱིས་ཀྱང་ཉམས་རྟོགས་ལ་ཐུགས་དགྱེས་པའི་བསྟོད་བསྔགས་ཡང་ཡང་གནང༌། འགྲོ་དོན་དཔག་མེད་འབྱུང་བའི་ལུང་བསྟན། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་ནཱ་རོ་ཏ་པ། རྗེ་མི་ལ། གྲུབ་ཐོབ་གླིང༌། འགྲོ་མགོན་གཙང་པ་རྒྱ་རས་སོགས་ཀྱི་ཞལ་གཟིགས། ལུང་བསྟན། དབུགས་ཕྱུང༌། གདམས་པ་བསྩལ་ཅིང༌། སྙན་བརྒྱུད་གསང་བའི་མཐར་ཐུག་གི་སྐོར་སོགས་དགོངས་གཏེར་མང་པོ་གཏན་ལ་ཕབ། གྲུབ་པའི་རྟགས་མཚན་བསམ་གྱིས་མི་ཁྱབ་པ་མངའ། གྲུ་གུ་གསོལ་སྡེར་ཁའི་གདན་སར་རྒྱུན་རིང་བཞུགས་ནས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བའི་མཐར། རྒྱལ་དབང་འབྲུག་པ་བཅུ་པ་མཆོག་གིས་གདན་འདྲེན་ཞུས་པ་ལྟར། དགུང་ལོ་ང་བདུན་ས་བྱ་༼༡༩༠༩༽ ལོ་ཙམ་ལ་གནས་ཆེན་ཙ་རིའི་ནུབ་སྒོ་བྱར་སྐྱིད་ཕུག་ཏུ་ཕེབས་ཤིང༌། སྐུ་ཚེ་སྨད་དུ་དེར་བཞུགས་ནས་རྒྱ་བལ་འབྲུག་གསུམ་བོད་དང་བཅས་པའི་སྐལ་ལྡན་གྱི་སློབ་མ་དཔག་ཏུ་མེད་པ་ཞིག་རྗེས་སུ་བཟུང༌། བལ་ཡུལ་འཕགས་པ་ཤིང་ཀུན་གཙོ་བོར་བྱས་པའི་མཆོད་རྟེན་རྣམས་ཉམས་གསོ་གནང་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ། དགུང་གྲངས་རེ་བདུན་པ་ས་ལུག་༼༡༩༡༩༽ལོའི་བོད་ཟླ་ལྔ་པའི་ཚེས་བཅུ་དགུ་ལ་གནས་དེ་ཉིད་དུ་ངོ་མཚར་བའི་རྟགས་དུ་མ་དང་བཅས་སྐུ་མྱ་ངན་ལས་འདའ་ཚུལ་བསྟན་ཏོ། །

སློབ་མའི་གཙོ་བོར་གྱུར་པའི་མཚན་རྣམ་ཐར་རྒྱས་པ་ཇི་བཞིན་འགོད་ན། གདུལ་བྱ་ཡང་རབ་འོད་གསལ་རྫོགས་པ་ཆེན་པོའི་ལམ་ནས་གཙོ་བོར་ཁྲིད་པར་མཛད་པའི་ཡ་གྱལ་རིགས་སྲས་ལྕམ་དྲལ་རྣམས་ཀྱི་ཐོག་མར། མཁས་ཤིང་གྲུབ་པའི་རིག་འཛིན་ཆེན་པོ་ཚེ་དབང་འཇིགས་མེད། ལྷ་སྲས་ཡོངས་ཀྱི་ཐུ་བོ་སྤྲུལ་སྐུ་རིན་ཆེན་ཀུན་ལྡན། རིག་སྔགས་འཆང་བ་བྱ་བྲལ་ཆོས་དབྱིངས་སྤྲུལ་སྐུ་ཀུན་ལྷ་བསྟན་འཛིན། མཁྱེན་རབ་ཀྱི་པདྨོ་མཆོག་ཏུ་བཞད་པ་ཀར་སྲས་ཚེ་དབང་རིན་ཆེན། མཁས་བཙུན་བཟང་གསུམ་གྱི་བདག་ཉིད་ངག་དབང་ཆོས་དབྱིངས་ཞེས་ཡོངས་འཛིན་སྤྲུལ་སྐུ། མཁྱེན་བརྩེ་ཡེ་ཤེས་བསམ་གྱིས་མི་ཁྱབ་ཅིང་སྒྲུབ་པའི་རྒྱལ་མཚན་སྒྲེང་བཞིན་རྒྱལ་ཚབ་ལ་ངང་གིས་བྱོན་པའི་ལྷ་སྲས་འཕགས་མཆོག་རྡོ་རྗེ་བཅས་ཏེ། བསྟན་འགྲོའི་བསོད་ནམས་དཔགས་པའི་ཕྲིན་ལས་རྒྱས་མིན་ཇི་ལྟར་ཡང་དོན་ལ་ཕ་རྗེས་བུས་ཟིན་དགོངས་ཀློང་རོ་གཅིག་ཏུ་གྱུར་པ་དང༌། དེ་བཞིན་རིགས་ཀྱི་ནི་གུ་མ་ཞིང་སྐྱེས་དབང་མོ་རྣམས་དང༌། ཞལ་སློབ་རྣམས་ཀྱི་ཐོག་མར་ཨོ་རྒྱན་རྒྱལ་ཚབ་ཉི་གྲགས་གཏེར་ཆེན། ཡར་འབྲོག་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེ། སེ་ཕུ་རྒྱལ་དབང་སྤྲུལ་སྐུ། རྒྱལ་སྲས་སྤྲུལ་སྐུ། མཆོག་གླིང་གཏེར་སྲས་སྤྲུལ་སྐུ། རྡོ་ཤུལ་བ་གནམ་ལྕགས་སྤྲུལ་སྐུ། འབྲུག་བྷུ་ལི་སྤྲུལ་སྐུ། ཟང་ཟང་ལྷ་བྲག་སྤྲུལ་སྐུ། ཡོན་དགེ་མི་འགྱུར་སྤྲུལ་སྐུ། བྲག་དམར་སྤྲུལ་སྐུ་ཀུན་བཟང་ཤེས་རབ། ནུབ་དགོན་ཆོས་རྒྱལ་སྤྲུལ་སྐུ། སྤྲུལ་སྐུ་ཤེས་རབ། འགྲོ་འདྲེན་མི་འགྱུར་སྤྲུལ་སྐུ། འཇོ་ཕུ་བྱང་ཆུབ་སྤྲུལ་སྐུ། སྔོ་ཤུལ་ཝཾ་དགོན་སྤྲུལ་སྐུ། གླིང་བསྟན་འཕེལ་དགོན་དམར་རིལ་གྲུབ་ཐོབ་ཀརྨ་བརྩོན་འགྲུས། བྲག་གཡབ་མ་དགོན་བླ་མ་ངག་དབང་ཐུབ་བསྟན། བླ་མ་ཕྲིན་ལས་དར་རྒྱས། བླ་མ་སྒྲུབ་བརྒྱུད་རྒྱ་མཚོ། ཆོས་མཛད་ཀུན་བཟང་བདེ་ཆེན། བྱ་བྲལ་བ་བླ་མ་ཡོན་ཏན་རྒྱ་མཚོ། རྗེད་ཕ་བ་བླ་མ་ཨ་ལུག །ཀློང་རོང་བ་པདྨ་དབང་རྒྱལ། ས་སྐྱ་གཅིང་དགོན་པ་བླ་མ་བཀྲ་ཤིས་ཕུན་ཚོགས། བླ་མ་ཚུལ་ཁྲིམས། ངག་དབང༌། ག་ཟི་བ་རྟོགས་ལྡན་བཀྲ་ཤིས་ལྷ་དར། རི་མདའ་བ་བླ་མ་བསོད་ནམས་ཚེ་རིང༌། གཙུག་རྒྱན་བ་བླ་མ་དབུ་མཛད་ཆོས་འཕེལ། མ་དགོན་རྒྱུད་པ་བླ་མ་བྱམས་པ་མཁས་གྲུབ། ལྷ་སྲུང་བ་བླ་མ་རིན་ཆེན་ཆོས་འཕེལ། བྱང་ཆུབ་རྡོ་རྗེ། དགེ་བསྟན་འཛིན་མཁས་གྲུབ། གཙུག་རྒྱན་བ་རྟོགས་ལྡན་ཤེས་རབ་གྲགས་པ། བསྟན་མ་རི་ཁྲོད་པ་བླ་མ་འོ་དགེ། འོལ་འབོལ་བ་བླ་མ་ཡོན་ཏན། བྱམས་མདུན་བ་བྱམས་པ་ཚེ་རིང༌། མདོ་རུ་སྨད་པ་བླ་མ་རྒྱལ་མཚན། དྲུང་ཡིག་བློ་བཟང་དོན་གྲུབ། འཁོར་ར་བ་དཔོན་ཚང་དགེ་སློང༌། མོ་མདའ་བ་དགེ་བཤེས། འགྲམ་ཐོག་བླ་མ་ཆོས་མགོན། སྨད་སྟོད་པ་བླ་མ་བཀྲ་ཤིས། ཁེ་ལྗོངས་བ་བླ་གཉའ་བླ་མ་བཅས་བྲག་གཡབ་ཁུལ་དང༌། ཨ་རྩ་བ་བླ་མ་རྣམ་རྒྱལ་དཔལ་ལྡན། འཇམ་དབྱངས་སྨོན་ལམ། སྡེ་དགེ་བ་དྷིཿབན་དབང་དྲག །དྷིཿཕུ་བླ་མ་ཉི་རྒན། དགེ་ཀུན་བཟང་རྡོ་རྗེ། གཡག་ཟེ་སྤྲུལ་སྐུ་ཀུན་བཟང༌། བླ་རྒན་སྤྲུལ་སྐུ། དགེ་སྐལ་བཟང་ཆོས་འཕེལ། འབྲང་རུ་ཤེས་རབ་རྡོ་རྗེ་བཅས་དང༌། ཆབ་མདོ་སིས་བླ་མ་གར་དབང་བདེ་ཆེན་དབང་ཕྱུག །སྐུ་འབུམ་བ་བླ་མ་རུ་ཞོ་གཅོད་པ། བཀྲ་ཤིས་དོན་གྲུབ། འཛོམས་གཡང་བླ་མ། རྫ་སྟོད་པ་བཀྲ་ཤིས་དོན་ལྡན། ནོར་བཀྲ་བླ་མ༑ སིབ་རྫོགས་ཆེན་བ་དཀོན་མཆོག་བློ་གྲོས། བེ་རུ་བ་སྣ་རུ་དྲི་མེད། བྱང་འདྲེན་པ་བརྩོན་འགྲུས་འགྱུར་མེད། དགེ་བསོད་ནམས་ཆོས་འཕེལ། ཐོ་ལྷ་ཚ་གཏེར་སྟོན་རྡོ་རྗེ་གྲགས་པ་བཅས་དང༌། གོ་འཇོ་རྒྱ་ར་དགོན་པ་ཨ་རྒྱལ་བླ་མ། སྐྱིད་པོ་དགོན་པ་དགེ་པདྨ་ཤེས་རབ། བྲག་ནག་དགོན་པ་བླ་མ་ཨ་བདེ། འགུ་ལོག་གསེར་ཐར་བ་བླ་མ་རྡོ་རྗེ། ཟུར་མང་བ་དགེ་སློང་ཐུབ་བསྟན་དར་རྒྱས། ནང་ཆེན་བ་རིན་ཆེན་མཆོག་གྲུབ། ཨ་མདོ་བ་དགེ་བློ་བཟང་ཆོས་རྒྱལ། རྒྱ་ནག་རི་བོ་རྩེ་ལྔའི་ཆོས་རྗེ་བླ་མ་ཨ་ར་དཀར་པོ། སོག་པོ་བ་རྫོགས་ཆེན་བླ་མ། དར་རྩེ་མདོ་བ་ཕྱག་ཕུལ་དམ་ཆོས། འབའ་བ་སེར་དགེ་བཤེས་བློ་བཟང་བསྟན་པ། སྨར་ཁམས་གཏེར་སྟོན་ཆོས་དབྱིངས་ཤེས་རབ། ཁྱུང་པོ་བ་ཚུལ་ཁྲིམས་མཐར་ཕྱིན། རྔེད་རུ་བ་དགེ་ཞིང་སྐྱོང་བླ་མ་ཕྲིན་ལས་པ། ཉི་གྲགས་བ་ཀ་ཡོག་སྔགས་པ་བདུད་འདུལ། ཡང་སྔགས་པ་ཆོས་དབྱིངས་ཡེ་ཤེས། བྱང་ནག་ཆུ་བ་འཇམ་དབྱངས་རྒྱལ་མཚན། ཐེག་མཆོག་ཀུན་བཟང༌། བསྟན་འཛིན་རྒྱལ་པོ། འབྲི་རུ་དགོན་པ་དགེ་ཆོས་འབྱོར་དབང་ཕྱུག །བསྟན་འཛིན་ཚུལ་ཁྲིམས། བྱང་འབོང་དུ་དགོན་གྱི་དབུ་ཤེས་བྱ་རྟོགས་ལྡན། རྟ་ཡུལ་དུང་རེ་བླ་མ། ཀོང་འབྲུ་ལ་དགོན་པ་དགེ་ཚེ་དཔག་དང་བསྟན་འཕེལ། ཀོང་བྲག་གསུམ་པ་རྟོགས་ལྡན་བྱང་ཆུབ་དང་བླ་ཆུང་སྤྲུལ་སྐུ། ལྕགས་ར་བ་བ་སྤུ་གཞོང་གྲུབ་ཆེན། སྟོད་ཟངས་དཀར་བ་བླ་མ་ཐུབ་བསྟན་རྒྱལ་མཚན། ཡར་འབྲོག་པ་དགེ་ཐུབ་བསྟན་རིན་ཆེན། གྲབ་ཤུལ་བ་བློ་བཟང་ཕུན་ཚོགས། ལྷ་ཐོག་པ་དགེ་བསོད་ནམས་ཕུན་ཚོགས་དང་བཀྲ་ཤིས་རིན་ཆེན། ཨ་ཙ་བ་རྟོགས་ལྡན་ཞང་ཞང༌། མ་ཎི་བ་བྱམས་པ་རིན་ཆེན། ལྷོ་འབྲུག་བུམ་ཐང་དགེ་བཤེས་ཤེས་རབ་རྡོ་རྗེ། གསང་གླིང་པ་ཆོས་དབང་བསྟན་འཛིན། གོར་ནུབ་རི་བ་བླ་མ་དབང་རྒྱལ། གཙང་འོ་ཡུག་རྫ་ར་གྲུབ་ཐོབ་ཕྲིན་ལས་དབང་ཕྱུག །གནས་ཟང་ཟང་ལྷ་བྲག་བ་ཐུབ་བསྟན་དར་རྒྱས། འབྲུག་ཀུར་སྟོད་པ་ཐུབ་བསྟན་ཀུན་འདུས། བུམ་ཐང་བ་ཐུབ་བསྟན་ཕྲིན་ལས་རྣམ་རྒྱལ། ཐར་གླིང་པ་བཀྲ་ཤིས་དབང་འདུས། འབྲུག་སྟག་ཆུ་སློབ་དཔོན་ཀུན་བཟང་རྣམ་རྒྱལ། འབྲུག་ཐར་གླིང་པ་ཆོས་གྲགས་བླ་མ། ཤར་ཁམ་བུ་པ་ཨོ་རྒྱན་བསྟན་འཛིན། སྟོད་དིང་རི་བ་ཨོ་རྒྱན་རྡོ་རྗེ། རྩིབས་རི་བ་རྟོགས་ལྡན་ཟླ་བ། གཉའ་ནམ་བ་རྡོ་ར་བླ་མ་སྐལ་བཟང་རྒྱལ་མཚན་མཆེད་གཉིས། སྒོང་ཨ་དྲག་རྫ་པའི་དགེ་སངས་རྒྱས་རྡོ་རྗེ། སྟོད་ལ་དྭགས་པ་ངག་དབང་ཆོས་བཟང༌། གར་ཞ་མཁའ་འགྲོ་གླིང་པ་དགེ་རིག་འཛིན་རྡོ་རྗེ། ཁུ་ནུ་བ་བསོད་ནམས་རྒྱལ་མཚན། བྲག་གཡབ་མཛོད་ཟུར་མཁྱེན་རབ་དྲི་མེད། རང་འགྲུབ་དཔོན་ཀུན་དགའ་རབ་བརྟན། མཛེས་བཅུ་དཔོན་རྒན། ལྡེ་འཆང་བ་རྣམ་རྒྱལ་ཚེ་དབང་བཅས་ལྟ་བ་ཀ་དག་ཁྲེགས་ཆོད། སྒོམ་པ་ལྷུན་གྲུབ་ཐོད་རྒལ་གྱིས་སྨིན་ཅིང་གྲོལ་བར་མཛད་པའོ།

ཡང་རྒྱལ་བ་རྡོ་རྗེ་འཆང་གི་དགོངས་པ་ལྟ་བ་ཕྱག་རྒྱ་ཆེན་པོའི་སྒོ་ནས་རང་གཞན་གྱི་དོན་ཅི་རིགས་ནུས་པའི་ཞལ་སློབ་ནི། དཔལ་ལྡན་འབྲུག་གསང་སྔགས་ཆོས་གླིང་གི་སྐྱབས་མགོན་ཆོས་ཀྱི་དབང་པོ། དྭགས་ལ་སྒམ་པོའི་མཆོག་སྤྲུལ། འབྲུག་བདེ་ཆོས་ཀྱི་མཆོག་སྤྲུལ་ཡོངས་འཛིན་ངག་གི་དབང་པོ། ཞབས་དྲུང་ཆོས་ཀྱི་མགོན་པོ།བརྒྱད་པ་ཆོས་ཀྱི་རྒྱ་མཚོ། སྟོད་ལ་དྭགས་སྟག་རས་སྤྲུལ་སྐུ། གྲྭ་སྡིངས་ཆེའི་གཅུང་སྤྲུལ་སྐུ་དང༌། ཅོག་གྲྭ་སྤྲུལ་སྐུ།ཆོས་ཀྱི་རྒྱལ་མཚན་ཡིན། ཁམས་སྲས་ཆོས་ཀྱི་སེང་གེ། དེའི་ཡང་སྲིད་སྲས་རྒྱུད་ངག་དབང་བདེ་ཆེན། གཙང་ཁམས་གྲགས་སྤྲུལ་སྐུ། ཁམས་གྲུ་དགོན་སྤྲུལ་སྐུ་ཆོས་རྒྱལ་རྒྱ་མཚོ། ལོ་ཆེན་བསོད་ནམས་སྙིང་པོའི་སྤྲུལ་སྐུ། བླ་རྒན་དགེ་ལེགས་སྤྲུལ་སྐུ། སྤྲུལ་སྐུ་ངག་དབང་རྒྱ་མཚོ། ཡག་ཚ་སྤྲུལ་སྐུ། ཚོགས་བརྒྱ་དགོན་སྒྲུབ་སྤྲུལ་ཕྲིན་ལས་རྒྱ་མཚོ།༼དེའི་ཡང་སྲིད་ངག་དབང་མི་ཕམ་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཡིན་པ་འདྲ།༽ མཚན་ཉིད་སྤྲུལ་སྐུ་བསོད་ནམས་བསྟན་འཛིན། འཇོ་ཕུ་ཉི་རབ་སྤྲུལ་སྐུ། དྷིཿཕུ་སྤྲུལ་སྐུ་གྲུབ་མཆོག་དང༌། བླ་རྒན་སྤྲུལ་སྐུ། བླ་མ་རིགས་ལྡན། སྐུ་སེ་བླ་རྒན་སྤྲུལ་སྐུ། བླ་མཆན་བླ་མ་ཀླུ་རྒྱལ། གུ་ཕུ་བླ་རྒན་ཆོས་དགའ་དང༌། ཆོས་རྒྱལ། བྲག་གཡབ་ལྷ་སྲུང་འཇམ་དབྱངས་སྤྲུལ་སྐུ། ཀར་མོ་དགོན་བླ་མཆན་རི་ལྷ། འཁོར་རབ་ཚེ་བརྟན་འགྱུར་མེད། ཚ་བ་སྒང་ཀེ་བླ་མ་ནོར་བཟང་སྤྲུལ་སྐུ། ལྷ་ཐོག་པ་གཡུ་འབྲུག་སྤྲུལ་སྐུ། ཁམས་སྒར་ཚབ་ཤིས་སྤྲུལ་སྐུ། ཁམས་སྒར་བླ་མ་ཡེ་རབ། རི་བོ་ཆེའི་གྲྭ་ཚང་སྤྲུལ་སྐུ། བྱར་བཀྲ་ཤིས་མཐོང་སྨོན་གྱི་དབུ་མཛད་རྒྱལ་མཚན་ཡོངས་འདུས། ཨེམ་ཆི་བཟང་པོ། བླ་མ་དོན་གྲུབ་ཡོངས་འདུས། འབྲུག་རྒྱ་མཚོ་གྲྭ་ཚང་གི་དབུ་མཛད་ཁྲི་པ་བཙོན་འགྲུས་རྒྱ་མཚོ། དབུ་ཟུར་ལེགས་བཤད་ཟླ་བ༑ བླ་མ་དགེ་ལེགས་དོན་བཟང༌། མཁས་གྲུབ་རྒྱ་མཚོ། ཀརྨ་ཡོན་ཏན་རྒྱ་མཚོ། ཙ་རི་ཅིག་ཅར་བའི་དབུ་མཛད་ཨོ་རྒྱན་རྡོ་རྗེ་བཅས་རྣལ་འབྱོར་བཞི་གསུམ་བཅུ་གཉིས་ཀྱི་ལམ་ནས་ཅི་རིགས་པར་གྲོལ་བ་དང༌།

ཡང་སྒོམ་པ་ནཱ་རོ་ཆོས་དྲུག་གི་ཉམས་སུ་ལེན་པའི་སློབ་བུ་ནི། ལྷོ་འབྲུག་མང་སྡེ་བ་དགེ་སྨོན་ལམ་རབ་བཟང༌། བྲག་གཡབ་འཁོར་ར་བ་བུ་ཆེན་གྱི་གཙོ་བོ་བླ་མ་པདྨ་མཆོག་གྲུབ། ཁམས་སྒར་སྒྲུབ་གྲྭ་རྟོགས་ལྡན་སྨིན་གྲོལ་ཡར་འཕེལ། རྟོགས་ལྡན་ངེས་དོན་རྒྱ་མཚོ། ལ་དྭགས་པ་པདྨ་ཆོས་རྒྱལ། བྱར་སྟག་རྩེ་དགོན་པའི་དབུ་མཛད་དཔལ་ལྡན། ཁམས་སྒར་པད་ལུང་རི་ཁྲོད་པ་རྟོགས་ལྡན་ཡེ་ཤེས་སྙིང་པོ་སྐུ་མཆེད་དང༌། རང་དགེ་པདྨ་ཆོས་རྒྱལ་སྐུ་མཆེད། གུ་ཕུ་བ་བླ་མ་ཆོས་དཔལ་རྒྱ་མཚོ། འཛི་སྒར་བ་སྟག་རིས་ཀུན་དགའ། འབྲུག་སྤུངས་ཐང་བ་དགེ་སློང་རྣམ་གྲོལ་ཡེ་ཤེས། དགེ་བསྟན་འཛིན་རྒྱ་མཚོ། རྟོགས་ལྡན་རྒྱལ་མཚན། འབྲུག་གཞུང་གར་བ་བླ་མ་རབ་རྒྱས། རྒྱ་མཚམས་གདོང་ཟམ་ཁ་བ་དགེ་ཉི་མ་འོད་ཟེར་མཆེད་དང༌། འབྲུག་ཀུར་སྟོད་པ་རིག་འཛིན་རྡོ་རྗེ། དགེ་བསོད་ནམས་བཟང་པོ། འབྲུག་བུམ་ཐང་བྱ་དཀར་མཆོད་དཔོན། རྒྱ་གར་གར་ཞ་མཁའ་འགྲོ་གླིང་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། འབྲུག་རྣམ་པར་རྒྱལ་བ། ཤེས་རབ་ཆོས་བཟང༌། ངག་དབང་ཆོས་འཕེལ། དགེ་ནོར་བུ་ངེས་དོན་སྙིང་པོ། རྡོ་དཀར་དགོན་བླ་མ་བྷི་ཚེ་རིང༌། པ་རྡ་བ་རྟོགས་ལྡན་སྔགས་འཆང་བློ་བཟང་རྣམ་རྒྱལ། བལ་པོ་དྷརྨཱ་སཧུ་དང༌། བྱ་ཀ་རཏྣ། སྟོད་ཟངས་དཀར་བ་ཨོ་རྒྱན་རང་གྲོལ། ཁུ་ནུ་བ་ཐེག་ཆེན་རྒྱ་མཚོ། ངག་དབང་དོན་ཡོད། བསོད་ནམས་རྒྱལ་མཚན། འབྲས་ལྗོངས་བ་བློ་གྲོས་སྟོབས་ལྡན། ཁམས་ནང་ཆེན་པ་ཆོས་སྐྱོང་དར་རྒྱས། བསྟན་པ་འབྲུག་རྒྱས། བྲག་གཡབ་ཚོགས་བརྒྱ་བ་རབ་དགའ། རིས་རྒྱ་འཕགས་མཆོག །ལྷོ་རྫོང་སེ་ཕུ་དགོན་གྱི་གྲྭ་བཀྲ་ཆོས་དང་རྒྱས་ལུ། གསང་གླིང་གྲྭ་ཉི་མ་དང་དོན་ཡོད། བཀྲ་ཤིས་མཐོང་སྨོན་བ་རྟོགས་ལྡན་རྣམ་གྲོལ་བཟང་པོ་སོགས་ལ་ཕྱག་ཆེན་སྔོན་འགྲོ་དང༌། ཞི་གནས་རྟེན་བཅས་ནས་རིམ་གྱིས་སྒོམ་མེད་བར་ཁྲིད་ཅིང༌། ནཱ་རོ་ཆོས་དྲུག །རོ་སྙོམ་སྐོར་དྲུག །སྙན་རྒྱུད་ཀྱི་གདམས་ཟབ་སོགས་ལ་སྦྱངས་པས་ཕྱི་ནང་གསང་གསུམ་གྱི་ཉམས་རྟོགས་ཡོན་ཏན་ཀྱང་མི་དམན་པར་དཀར་བརྒྱུད་གོང་མའི་རྣམ་ཐར་ལ་ཅོ་འདྲི་བ་བཞུགས་པ་དང༌། མདོར་ན་རྒྱ་དཀར་ནག །འབྲུག་འབྲས་ལྗོངས། སྟོད་ལ་དྭགས་ནས་སྨད་མདོ་ཁམས་བར་ཞལ་སློབ་ཀྱིས་མ་ཁྱབ་པ་མེད་པ་ལྟ་བུར་གྱུར་ཏེ། ཕྱག་རྫོགས་གཉིས་ཆར་གྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་བཞིན་སླར་ཡང་གསལ་ཞིང་རྒྱས་པར་མཛད་དོ། །