གྲུབ་དབང་བྱ་བཏང་ཀརྨ་དཔལ་ལྡན་གྱི་རྣམ་ཐར།

༈ ཡང་ཀུན་མཁྱེན་ངག་དབང་ཡེ་ཤེས་ཀྱི་སློབ་མ་གྲུབ་དབང་བྱ་བཏང་ཀརྨ་དཔལ་ལྡན་ནི། གཙང་གཡས་རུ་ཤངས་ཀྱི་འཆུམ་དགག་ཐོག་ཏུ། ཡབ་དགག་ཐོག་པ་དང༌། ཡུམ་ཁྱིམ་བུ་ཤར་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ས་གླང་༼༡༧༠༩༽ལོར་འཁྲུངས། དགུང་ལོ་བཅོ་བརྒྱད་པར་སྟག་སྣ་ཆོས་ཀྱི་ཕོ་བྲང་དུ་རྗེ་ཆོས་ཀྱི་དབང་པོའི་ཞབས་དྲུང་དུ་གཙུག་ཕུད་ཕུལ། མཚན་ཀརྨ་དཔལ་ལྡན་ཞེས་བསྩལ། དེ་ལ་སྨིན་གྲོལ་གྱི་ཟབ་ཆོས་ཀྱང་མང་དུ་གསན། ཉེར་དྲུག་ལ་ཀུན་མཁྱེན་ངག་དབང་ཡེ་ཤེས་འབའ་རའི་གདན་སར་ཕེབས་སྐབས། སྙན་པ་གསན་ཏེ་དྲུང་དུ་བྱོན། དད་པ་ཐུན་མོང་མ་ཡིན་པ་འཁྲུངས། དེ་ནས་བཟུང་དཔལ་འཁོར་ལོ་སྡོམ་པའི་དབང་བཞི་དང་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་སོགས་སྨིན་བྱེད་ཀྱི་དབང༌། ཁྲིད་ཆེན་བརྒྱད་སོགས་གྲོལ་བྱེད་ཀྱི་ཁྲིད། ཁྱད་པར་གྱི་བླ་སྒྲུབ་ཕྱི་ནང་གསང་གསུམ། ཕྱག་ཆེན་ཆོས་དྲུག་གི་ཡང་སྙིང་སོགས་གཏེར་ཆོས་དང༌། ཐར་གྲུ་སྐོར་གསུམ་གྱིས་མཚོན་པའི་དབང་ཁྲིད་ལུང་གསུམ་མཐའ་ཡས་པ་གསན། རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ་ཉིད་ལ་གུ་རུ་པདྨས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་ངེས་པའི་སློབ་མ་བདུན་ཅུ་དོན་ལྔའི་ནང་ནས། མཆོག་གི་སྐྱེས་བུ་སུམ་ཅུ་རྩ་དྲུག །ཉེ་བའི་བུ་བརྒྱད་འབྱུང་བར་ལུང་བསྟན་པ་ལྟར། རྗེ་འདི་ཉིད་ཐུགས་སྲས་དམ་པར་མཛད་ཅིང༌། རྡོ་རྗེའི་གསུང་གིས་ཆེས་ཆེར་བསྔགས་སྐད། དེ་ནས་ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་ཆོད་དེ། དབེན་པའི་གནས་སུ་སྒོམ་པར་བཞེད་ནས། ཐོག་མར་ཤངས་དཀར་པོ་བྲག་གི་རི་ཁྲོད་དུ། སྔོན་འགྲོ་ཕྱག་དང་ཡིག་བརྒྱ་མཎྜལ་བླ་མའི་རྣལ་འབྱོར་རྣམས་རིམ་བཞིན་ཉམས་བཞེས་མཛད། དེ་རྗེས་ཟབ་ཕུ་ལུང་སོགས་གནས་རི་ཁྲོད་ངེས་མེད་དུ་བྱོན་ཏེ། ཚེ་བློས་བཏང་གི་སྒོ་ནས་སྒྲུབ་པ་ཁོ་ན་ལ་གཞོལ། བལ་ཡུལ་མཆོད་རྟེན། རང་བྱོན་འཕགས་པ་ཝ་ཏི་བཟང་པོ། བྱམས་སྤྲིན་གཙུག་ལག་ཁང་སོགས་གནས་མཇལ་དང༌། ལ་ཕྱི་ཆུ་དབར། ཆོས་གླིང་གཡུ་བྲག །བྲག་དཀར་རྟ་སོ། རྩྭའི་རྐང་ཚུགས་ཕུག །ལྷོ་བྲག་མཁར་ཆུ་སོགས་ལ་བྱོན་བཞུགས་མཛད་ཅིང༌། དེ་དག་གི་སྐབས་སུ་དཀའ་ཐུབ་བཅུད་ལེན་གྱི་སྒོ་ནས་སྙིང་རུས་དང་དཀའ་སྤྱད་མཐར་ཕྱིན་པར་མཛད་པས། གྲུབ་པ་བརྙེས་པའི་རྟགས་སུ་གཞན་སྣང་ཟིལ་གྱིས་གནོན་ནས་བློ་སྣ་ཆོས་སུ་སྒྱུར་ནུས་པ། རྨི་ལམ་དང་འོད་གསལ་ཟིན་པ་སོགས་ངོ་མཚར་ཅན་མང་དུ་མཆིས། ཁྱད་པར་ཟླ་བ་བཅུ་གཉིས་པའི་ནང༌། སྒོམ་ཆེན་ཕྲིན་ལས་དཔལ་བཟང་དང་རྗེ་འདི་གཉིས་ཀྱིས་བྲག་འབར་པོ་ཆེའི་སྟེང་དུ་ཞག་གསུམ་རས་ཕུད་མཛད་དུས། ཤངས་ཆུའི་དར་འུར་བ་སོགས་དྲོད་རྟགས་ཤིན་ཏུ་ཆེ། སྐུ་བཙུན་པར་བཞུགས་ཀྱང་བླ་མའི་བཀའ་བཞིན་དབུ་སྐྲ་སྤྱི་བོར་འཆིང་ཞིང༌། དེ་ལ་གཡེར་ཁའི་དྲིལ་ཆུང་འདོགས་པའི་གྲུབ་ཐོབ་ཀྱི་མཛད་སྤྱོད་ཅན་ཞིག་ཡོད་སྐད། ཕྱིས་མོན་རྫོང་རི་ཁྲོད་དུ་སྒྲུབ་པ་ཁོ་ན་ལ་བཞུགས་ཤིང༌། འབའ་ར་ནས་གཅུང་ཐུགས་སྲས་ངག་དབང་ཆོས་གྲགས་རྒྱ་མཚོ་ལ། ཐུགས་བཞེད་ལྟར་ཐབས་ལམ་གསང་ཁྲིད་ཀྱི་དབང་བསྐུར་འབུལ་བར་མཛད་ནས། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། གྲོ་མོ་བཀའ་བརྒྱུད་དགོན་གསར་ནས་གྲུབ་ཐོབ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱ་མཚོས་གཅུང་ངག་དབང་ཆོས་གྲགས་རྒྱ་མཚོ་ལས་བཀའ་ཆོས་གསན་འཕྲོར་གྱུར་པ་རྣམས་རྗེ་འདི་ལས་གསན། ལྷོའི་བླ་མ་ཆོས་གྲགས་རྒྱལ་མཚན་དང༌། སྟོད་ནས་རས་ཆེན་ཚེ་དབང་དཔལ་ལྡན་སོགས་ལ་དབང་ཆོས་ཀྱི་འབྲེལ་པ་ཅི་རིགས་བསྩལ། མོན་རྫོང་རང་དུའང་ཐུགས་སྲས་རས་པ་དཔལ་ལྡན་སོགས་སྐྱ་སེར་མང་པོ་དབང་ཆོས་ཀྱིས་རྗེས་སུ་བཟུང༌། དགུང་ལོ་རེ་དྲུག་ནས་ལོ་ངོ་བརྒྱད་ཀྱི་རིང་སྐུ་མཚམས་བཅད་རྒྱ་ཁོར་ཡུག་ལ་བཞུགས་ཏེ། འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས། གྲུབ་དབང་ཀརྨ་དཔལ་ལྡན་ཞེས་སྙན་པས་ཕྱོགས་ཀུན་ཁྱབ། དེ་ལྟར་སྐུ་ཚེ་དང་སྒྲུབ་པ་མཉམ་པའི་ངང༌། དོན་གསུམ་པ་ལྕགས་གླང་༼༡༧༨༡༽ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །