གྲུབ་ཐོབ་གླིང་རས་པདྨ་རྡོ་རྗེའི་རྣམ་ཐར།

ཆོས་ཉིད་མཁའ་ལ་དབང་བསྒྱུར་གླིང་ཆེན་རས། །

          ངེས་དོན་བསྟན་པའི་ཉིན་བྱེད་གཙང་པ་རྒྱ། །

          བརྒྱུད་འཛིན་ཉི་ཟེར་རྡུལ་ལྟར་འོད་འབར་བས། །

          བསྟན་པ་འཛམ་གླིང་ཁྱབ་མཛད་རྣམས་ལ་འདུད། །

 

༈ དཔལ་ལྡན་འབྲུག་པ་ཆེན་པོའི་དབུའི་རིགས་བདག །གངས་ཅན་ལྗོངས་ཀྱི་ས་ར་ཧ། རྗེ་གྲུབ་པའི་དབང་ཕྱུག་གླིང་རས་པདྨ་རྡོ་རྗེའི་རྣམ་ཐར་མདོར་བསྡུས་ནི། མྱང་སྟོད་གླིང་སྨད་བཞེངས་ཀྱི་གླང་པོ་སྣར། ཡབ་རྒྱལ་པོ་སྐྱབ་བེ་དང༌། ཡུམ་གཟུས་མོ་དར་ཆུང་གི་སྲས་སུ་རབ་བྱུང་གཉིས་པའི་ས་སྤྲེལ་༼༡༡༢༨༽ལོར་སྐུ་འཁྲུངས། མཚན་པདྨ་རྡོ་རྗེར་གསོལ། གཞོན་ནུ་ནས་བྲིས་ཀློག་མཁས་པར་མཁྱེན། བརྒྱད་པ་ལ་ལྷ་རྗེ་རས་སྨན་ལས་སྨན་བསླབས་པས། བཅུ་གསུམ་ལོན་ཚེ་མཁས་པར་གྱུར། བཅུ་བདུན་པ་ལ་ཁུ་བོ་དགེ་བའི་བཤེས་གཉེན་གླིང་ཞེས་པ་བཀའ་གདམས་པ་ཆེན་པོ་དེ་ལ་དགེ་བསྙེན་མཛད། དཔལ་དབྱངས་ཀྱི་སྒྲོན་མེ་རྣམ་དྲུག་སོགས་མང་དུ་གསན། དབུས་པ་ཞང་བྱ་བ་རྭ་དང་དཔྱལ་གཉིས་ཀའི་སློབ་མ་ཞིག་ལ་ཕག་མོ་དང༌། རྭ་འབུམ་སེང་ལ་དུས་འཁོར། བདེ་མཆོག །འཇིགས་བྱེད་སོགས་རྭ་པའི་སྐོར་ཞིབ་མོ་གསན། མཐུ་ཆེ་བར་གྲགས་ཤིང༌། ཇོ་མོ་སྨན་མོ་བྱ་བ་ཁབ་ཏུ་བཞེས། ཕྱིས་འོམ་ཐང་པ་ལ་རབ་ཏུ་བྱུང་ནས་བསོད་སྙོམས་ལ་བྱོན་པས་སྨན་མོས་བྲིད་ནས། བསླབ་པ་ལས་ཉམས་པ་ནི་སྔོན་གྱི་ལས་འཕྲོ་ལྷག་མ་ལུས་པའི་ཚུལ་བསྟན་པའོ། །དེ་ནས་ཁྱུང་ཚང་པའི་དྲུང་དུ་བྱོན། གཞན་ཡང་ལོ་སུམ་གཉིས་དང༌། བྱེས་འགོལ་བ་སོགས་བསྟེན། རས་ཆུང་པའི་གདམས་ངག་ཐམས་ཅད་ཁ་ཚང་བར་ཐོབ་པས་ད་ལྟར་འཛམ་བུའི་གླིང་ན་གདམས་པ་ང་རང་ཆེ་སྙམ་པ་འཁྲུངས། རྩ་རླུང་ལ་དབང་ཐོབ། དེ་ཡང་གླིང་ལ་ཡ་མཚན་ཅན་གྱི་གཏམ་ལྔར་གྲགས་པའི་དང་པོ་ནི། མདོ་སྡེ་དཀོན་མཆོག་བརྩེགས་པ་གཟིགས་པས། སྔོན་སངས་རྒྱས་ལོག་པར་དད་སེལ་གྱི་བསྟན་པ་ལ་དགེ་སློང་དྲུག་ཅུས་བྱང་ཆུབ་སེམས་དཔའི་དགེ་སློང་གཉིས་ལ་ཕྲག་དོག་གིས་འཁྲིག་པའི་ཆོས་ཀྱི་སྐུར་པ་བཏབ་པས། ཡུན་རིང་ངན་འགྲོའི་སྡུག་བསྔལ་མྱང༌། ཤཱཀྱ་ཐུབ་པའི་དྲུང་དུ་མིར་གྱུར་ནས་ལས་ཀྱི་སྒྲིབ་པ་སྦྱངས་ནས་ལྔ་བརྒྱ་ཐ་མ་ལ་ལས་ཀྱི་སྒྲིབ་པ་རྒྱུན་ཆད་པར་ལུང་བསྟན་པའི་ནང་ནས། དེ་དག་གི་འདྲེན་པར་འོས་པ་བྱང་ཆུབ་སེམས་དཔའ་བརྩོན་འགྲུས་འོད་བྱ་བ་ཡིན་པར་གཟིགས། དེའི་ལས་ཀྱི་ལྷག་མས་ད་ལྟའང་ཚུལ་ཁྲིམས་ལ་སྐྱོན་བྱུང་བའི་ཚུལ་བསྟན་པའོ། །གཉིས་པ་ནི། དགུང་ལོ་ཞེ་གཅིག་ཙམ་ལ་ཕག་གྲུའི་སྙན་པ་གསན་ནས་མཇལ་དུ་བྱོན་པས་ཆོས་ཁྲི་ཁར་ཕེབས་པ་དང་འཛོམས། སངས་རྒྱས་དངོས་སུ་མཐོང་ཞིང༌། གནས་འདིར་ཡོད་ཐམས་ཅད་ཀྱང་བླ་མའི་སྤྲུལ་པ་ཡིན་ངེས་སྙམ་པའི་ཁྱབ་གདལ་གྱི་མོས་གུས་བཅོས་མིན་དུ་སྐྱེས་པས་རྟོགས་གྲོལ་དུས་གཅིག་ཏུ་སོང༌། བསྒོམ་བྱ་སྒོམ་བྱེད་དང་བྲལ་ཏེ་ཁྱབ་གདལ་ཡུག་གཅིག་ཏུ་སོང་ནས་ཚུལ་དེ་བླ་མ་ལ་ཞུས་པས། ཆུ་བོ་གངྒཱ་ཕན་ལ་ས་ར་ཧ་ཆེན་པོ་རྟོགས་པ་མཐོ། དེ་ཚུན་ལ་ཁྱོད་མཐོ་གསུང་ཞིང༌། ལྷན་ཅིག་སྐྱེས་སྦྱོར་གྱི་ཚིག་ཁྲིད་ཀྱང་གནང༌། རྗེ་དེ་སྤྱིར་རྣལ་འབྱོར་པ། སྒོས་ཆུང་མ་ཅན་ལ་མི་མཉེས་ཀྱང༌། གླིང་རས་པ་ལྷག་པར་མཉེས་ཚུལ་མཛད་དོ། །གསུམ་པ་ནི། བུད་མེད་སྔོན་མོ་ཞིག་གིས་བཀའ་འགྱུར་གཅིག་བསྡུས་ཀྱི་པོ་ཏི་ཡིན་སྙམ་པ་ཞིག་ལྗགས་ཐོག་ཏུ་བཞག་བྱུང་བ་མིད་པར་རྨིས་པས། བཀའ་འགྱུར་ཡོངས་རྫོགས་ཐུགས་སུ་ཆུད་ནས་དཔེ་དང་ཞུ་དག་ཐུབ་པར་བྱུང་བའོ། །བཞི་པ་ནི། ཉིད་ཀྱིས་མཛད་པའི་རྒྱུད་འགྲེལ་སོགས་ལ་སྐྱོན་གཏོང་བའི་བཤད་གྲྭ་ཞིག་ཡོད་པ་དེར་བྱོན་ནས། ཇི་ལྟར་མི་འཐད་འདུག་ཅེས་རྩོད་པར་མཛད་པས། སུས་ཀྱང་ལན་མ་ནུས་པས། ཐུགས་རྒྱལ་གྱི་རྣམ་པས་སྐུ་ལུས་གླེགས་ཤིང་གཉིས་ཀྱི་བར་དུ་བསྡོམས་ཏེ། གླེགས་བམ་ལྟར་བྱས་ནས་ནམ་མཁར་འཕུར་ཞིང་ཕར་བཞུད་ཚུར་བཞུད་མཛད་དེ། ང་དམ་ཆོས་ཀྱི་གླེགས་བམ་གཅིག་ཏུ་མི་འདུག་གམ་ཞེས་སོགས་མགུར་བཞེས་པས། ཐུབ་པའི་དབང་པོ་ཉིད་མྱ་ངན་ལས་འདས་དུས་ཀྱི་བཞུགས་སྟངས་མཛད་བྱོན་ནས་ཐུགས་རྒྱལ་བཅགས་པའོ། །ལྔ་པ་ནི་རི་སྒང་ཞིག་ཏུ་འཇག་སྤྱིལ་མཛད་བཞུགས་དུས། ཡེ་ཤེས་ཀྱི་མཁའ་འགྲོ་སྡེ་ལྔས་རང་རྟགས་ཀྱི་དབུ་རྒྱན་རེ་ཁྱེར་ནས་དབུ་ལ་བཅིངས་ཏེ། རྡོ་རྗེ་འཆང་ཆེན་པོའི་རྒྱལ་ཚབ་ཏུ་མངའ་གསོལ་བར་གྱུར་པའོ། །དེ་ནས་དགུང་ལོ་རེ་གཅིག་བཞེས་པའི་དབྱར་ལ་ཆོས་མང་དུ་གསུངས། སློབ་མ་རྣམས་ཀྱིས་ད་ལོ་སྐུ་ཆག་ཆེ་བས་སྐུ་མཚམས་མཛད་པ་ཞུ་ཞུས་པས། ངའི་ལུས་པོ་གོག་པོ་འདིས་འགྲོ་བ་ལ་ཕན་མ་ཐོགས་ན། གསོན་ཡང་དགའ་རྒྱུ་མེད་གསུངས་ནས། ཆོས་སྔར་ལས་སྨར་བར་གནང༌། ཞལ་ཆེམས་སུ། འདུས་བྱས་ཞིག་སྟེ་རྣམ་རྟོག་ཡལ་བ་ལ། །འཆི་བ་ཞེས་བཏགས་བྱིས་པ་སྡུག་བསྔལ་ཏེ། །རྣལ་འབྱོར་སེམས་ཉིད་འདུས་མ་བྱས་པ་ལ༑ །དབྱིངས་སུ་གཤེགས་པ་བདེ་བ་ཆེན་པོ་ཡིན། །ཞེས་སོགས་ཕྱག་བྲིས་བཏབ་ཅིང༌། ས་སྤྲེལ་༼༡༡༨༨༽ལོའི་དབྱར་ཟླ་ར་བའི་ཉེར་བརྒྱད་ཀྱི་ཉིན་པར་དམ་ཚིག་མི་གཙང་བ་ཞིག་སླེབས་པའི་རྐྱེན་གྱིས། དྲོ་ཐོན་ནས་རྩ་ལྟུང་གི་བཤགས་པ་མཛད་པའི་རྗེས་ལ་གཟུགས་སྐུའི་སྣང་བ་བསྡུས་ནས་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེའི་སློབ་མའི་གཙོ་བོ་ནི་ཆོས་རྗེ་གཙང་པ་རྒྱ་རས་ཡིན་ཞིང༌། གཞན་ཡང་གྲུབ་པ་བརྙེས་པའི་རྣལ་འབྱོར་ཕོ་མོ་མང་དུ་བྱུང་ངོ༌། །