གྲུ་གུ་ཁྲི་འཛིན་དང་པོ་དབོན་ཀུན་དགའ་རྒྱ་མཚོའི་རྣམ་ཐར།

༈ གྲུ་གུ་ཁྲི་འཛིན་དང་པོ་དབོན་ཀུན་དགའ་རྒྱ་མཚོ་ནི། དེ་ཡང་རྗེ་འདིའི་སྐུ་ཐོག་དང་པོ་འབྲུག་པ་ཆོས་རྒྱལ་རྒྱ་མཚོ་དེ་ཉིད། རབ་བྱུང་བཅུ་པའི་ས་སྟག་༼༡༥༧༨༽ལོར་འཁྲུངས། གྲུབ་དབང་ཀརྨ་བསྟན་འཕེལ་གྱི་སློབ་མའི་གཙོ་བོར་གྱུར་ཅིང༌། དེའི་ཡང་སྲིད་དུ་ངོས་འཛིན་བྱུང་བ་གྲུ་གུའི་ཁྲི་འཛིན་དང་པོ་ཆོས་རྒྱལ་ཀུན་དགའ་རྒྱ་མཚོ་མཆོག་འདི་ཉིད། རབ་བྱུང་བཅུ་གཅིག་པའི་ས་སྟག་༼༡༦༣༨༽ ལོར་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོའི་དབོན་པོར་འཁྲུངས། བླ་མ་དམ་པ་བསོད་ནམས་རྒྱ་མཚོ་དེ་ཉིད་དང༌། རྗེ་ཁམས་སྤྲུལ་གཉིས་པ་ཀུན་དགའ་བསྟན་འཕེལ་སོགས་རིས་མེད་སྐྱེས་ཆེན་མང་དུ་བསྟེན། ཐོས་བསམ་སྒོམ་པའི་ཡོན་ཏན་རྒྱ་ཆེ་ཞིང༌། ལྷག་པར་དུ་རང་ལུགས་དཔལ་ལྡན་འབྲུག་པའི་དབང་ལུང་ཁྲིད་མན་ངག་གདམས་སྐོར་ཆ་ཚང་རིགས་ཀྱི་བདག་པོ་ཉིད་ལས་གསན་བཞེས་ཉམས་ལེན་ཤིན་ཏུ་རྒྱ་ཆེར་མཛད་ནས་གྲུབ་པའི་གོ་འཕང་མཐོན་པོར་ཕེབས། སྐུ་ཚེའི་སྨད་ལ། བྲག་ཡབ། ཆབ་མདོ་བེ་རུ། ལྷ་ཐོག་ཕྱོགས་ཀུན་ལ་གདུལ་བྱ་ཕྲིན་ལས་འགྲོ་ཕན་གྱི་མཚན་སྙན་འཕེལ། ལྷ་ཐོག་རྒྱལ་མོ་ཇོ་མོ་ཆོས་སྐྱིད་ཀྱིས་རྡོ་རྗེ་ཕྲེང་བའི་དབང་ཞུས་པའི་ཡོན་དུ། གྲུ་གུ་ཡེ་བརྫུ་གནས་དང་ཉེ་སྐོར་གྱི་ས་ཁྱོན་ཆེ་ཙམ་བཅས་ཆོས་སྡེའི་གདན་སར་གསོལ་བ་བཏབ་ནས་ཕུལ་བར། དགུང་གྲངས་སོ་དགུ་པ་རབ་བྱུང་བཅུ་གཅིག་པའི་མེ་འབྲུག་༼༡༦༧༦༽ལོར། གྲུ་གུ་རི་ཁྲོད་བདེ་ཆེན་བསམ་གཏན་འོད་གསལ་ཆོས་གླིང་ཐོག་མར་ལྷ་བྲག་ཡར་དགོན་སྟེང་དུ་ཕྱག་བཏབ། ད་ལྟ་དྲིལ་སྐྱིད་དུ་གྲགས་པའི་ལུང་པའི་སྟོད་དར་ཐག་ཕུག་ཏུ་སྒྲུབ་པའི་སྡེ་བཙུགས་ནས་བཞུགས་སྐབས་སུ། མགོན་པོའི་སྤྲུལ་པར་གྲགས་པའི་ལྷ་བྲིས་ཞིག་བྱུང་བས། མགོན་མང་ཞལ་ཐང་གཙོ་འཁོར་བཀོད་པ་རྒྱས་སྤྲོས་ཅན་ཞིག་ཞག་སོ་བཞིའི་ནང་ཐང་ཀ་སོ་བཞི་གྲུབ་པར་མཛད་པའི་ངོ་མཚར་ཅན་ཞིག་བཞེངས། རིག་གནས་གསར་བརྗེའི་རྗེས་ཁ་ཤས་ལུས་པར་ད་ལྟར་མཇལ་དུས་ཀྱང་རི་མོའི་ཉམས་འགྱུར་ལེགས་ཤིང༌། མཚོན་མདངས་མཛེས་བཀོད་སོགས་བོད་ལ་དཀོན་པའི་རིན་ཐང་བྲལ་བ་ཞིག་ཡོད་སྐད། གཞན་ཡང་རྡོ་ཕྲེང་དཀྱིལ་ཐང༌། མི་འཁྲུགས་སྟོང་སྐུ། གསེར་དངུལ་ཁོ་ནས་བྲིས་པའི་བཀའ་བསྟན། བླ་མ་བརྒྱུད་པའི་བཀའ་འབུམ་སོགས་རྟེན་གསུམ་དང༌། སྒྲུབ་མཆོད་ཕྱག་རྒྱུན་ཚད་ཐུབ་ཀྱི་རྒྱུན་སྤེལ་བཞིན། བྲག་གཡབ་ཚོགས་བརྒྱ་དགོན། ལྷ་བྲག་ཡང་རྫོང༌། དྲིལ་སྐྱིད། སྒོམ་ལུང་ཡར་མར་སོགས་ལ་བཞུགས་ཏེ་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། དགུང་ལོ་དྲུག་ཅུ་པ་རབ་བྱུང་བཅུ་གཉིས་མེ་གླང་༼༡༦༩༧༽ལོར་དགོངས་པ་ཞི་བར་གཤེགས། གདུང་བཞུ་བའི་སྐབས་དབུ་ཐོད་ལ་ཨ་རང་བྱོན་ཕེབས་པ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། །ཞལ་སློབ་ཀྱང་འཛི་སྒར་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན། ལོ་ཆེན་བསོད་ནམས་སྙིང་པོ་སོགས་བྱོན་པ་ལས། ཕྱི་མ་འདི་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ་༼༡༦༧༧༽ལོར་འཁྲུངས་ཤིང༌། ལོ་ཆེན་གྱི་མཚན་སྙན་ཅན་མཁས་གྲུབ་གཉིས་ལྡན་ཞིག་བྱུང་ནས། འདི་པའི་སྐུ་རབས་རིམ་བྱོན་རྣམས་ནས་ཀྱང་ཆོས་རྒྱལ་སྐུ་ཕྲེང་རིམ་པར་བླ་མཆན་རམ་འདེགས་ཀྱིས་གྲུ་དགོན་ལ་མཛད་རྗེས་ཆེའོ། །རྗེ་གྲུ་གུ་ཆོས་རྒྱལ་སྐུ་ཕྲེང་གསུམ་པ་ལྷུན་གྲུབ་རྒྱ་མཚོ། བཞི་པ་པད་དཀར་ཤཱཀྱ་རྒྱ་མཚོ། ལྔ་པ་ལོ་རུ་བླ་མ་བསྟན་འཛིན་དབང་པོའམ་མི་ཕམ་བསྟན་པ་དར་རྒྱས། དྲུག་པ་མདོ་བླ་བསྟན་འཛིན་རྒྱ་མཚོ། བདུན་པ་ཆོས་རྒྱལ་དོན་གྲུབ་དཔའ་བོ། ཆོས་རྒྱལ་སྐུ་ཕྲེང་བརྒྱད་པའམ་གྲུ་གུའི་ཁྲི་འཛིན་བདུན་པ་མི་ཕམ་ཆོས་རྒྱལ་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་ནི་ད་ལྟར་བསྟན་འགྲོའི་དཔལ་དུ་སྐུ་འཚོ་ཞིང་གཞེས་བཞིན་པའོ། །