གྲོ་མོ་བཀའ་བརྒྱུད་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར།

༈ དེའི་སློབ་མ་གྲོ་མོ་བཀའ་བརྒྱུད་སྤྲུལ་སྐུ་ངག་དབང་ཆོས་ཀྱི་རྒྱ་མཚོ་ནི། སྦས་ཡུལ་འབྲས་མོ་ལྗོངས་ཀྱི་ཉེ་འདབས། གངས་ཆེན་མཛོད་ལྔ་ཟུང་དུ་འབྲེལ་བའི་མཚམས་ལ་མོ་ཞེས་པའི་ཡུལ་དུ། ཡབ་གཙང་ལ་སྟོད་བྲག་ནག་བླ་མ་པདྨ་འོད་འབར་དང༌། ཡུམ་ཀུན་བཟང་དཔལ་མོ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ཤིང་ཕག་༼༡༧༥༥༽ལོར་བལྟམས། སྐྱེས་མཆོག་འབའ་ར་བའི་སྐུ་ཕྲེང་གསུམ་པ་རྗེ་ཀརྨ་གསལ་བྱེད་ཀྱི་དངོས་སློབ་གྲུབ་དབང་དཀོན་མཆོག་རྒྱལ་མཚན་གྱི་སྐུ་སྐྱེ་ངག་དབང་བསྟན་འཛིན་ཉི་ཟླའི་སྤྲུལ་སྐུ་ཡིན། དགུང་ལོ་བཞི་ལྔ་ཙམ་ལ། ཐང་སྒོ་དགོན་དུ་གྲུབ་ཐོབ་དཀར་པོ་ཞེས་དགུང་ལོ་བརྒྱ་དང་དྲུག་ཅུ་ཙམ་བཞུགས་པ་ཞིག་ཡོད་པ་དེས། རྗེ་བསྟན་འཛིན་ཉི་ཟླའི་སྤྲུལ་སྐུར་འཁྲུལ་མེད་དུ་ཡིན་པའི་ངོས་འཛིན་མཛད། སྐུ་གོང་མའི་ཉེར་སྤྱད་ཕྱག་ཏུ་ཕུལ་བའང་ངོས་ཟིན་པས་ཡིད་ཆེས་སུ་གྱུར། གྲོ་མོ་བཀའ་བརྒྱུད་དགོན་གསར་གྱི་གདན་སའི་ཁྲི་ལ་མངའ་གསོལ། སྟོད་ནས་རྗེ་ཆོས་གྲགས་རྒྱ་མཚོས་མཚན་ངག་དབང་ཆོས་ཀྱི་རྒྱ་མཚོ་དཔལ་བཟང་པོ་ཞེས་ཆེད་དུ་བསྩལ། དེ་ནས་དགེ་རྒན་དབུ་མཛད་རྣམ་གྲོལ་ནས་ལྗགས་ཀློག་སོགས་སྐུ་ཡོན་གསན་སྦྱང་ཕུལ། དགུང་ལོ་དགུ་པ་ལ་འབའ་རར་རྗེ་ངག་དབང་ཆོས་གྲགས་རྒྱ་མཚོའི་དྲུང་དུ་བཅར་ཏེ། གཙུག་ཕུད་ཕུལ། འཁོར་ལོ་སྡོམ་པ་དང༌། བླ་སྒྲུབ་ཀྱི་དབང་ཁྲིད། ཕྱག་ཆེན་དང༌། གཏུམ་མོ་ཞག་བདུན་མའི་ཁྲིད། མེ་དབང༌། ནཱ་རོ་ཆོས་དྲུག་གི་ཁྲིད་ལུང་སོགས་དང༌། རི་ཆོས་སྐོར་གསུམ། ཐར་གྲུ་སྐོར་གསུམ་གྱི་ལུང་བཅས་གསན།  ཅུ་བཞི་ལ་བླ་མ་གཤེགས་པས། ཤངས་མོན་རྫོང་རི་ཁྲོད་དུ་གྲུབ་དབང་ཀརྨ་དཔལ་ལྡན་གྱི་སྤྱན་སྔར་བྱོན་ཏེ། ཕྱག་ཆེན་དང༌། ནཱ་རོ་ཆོས་དྲུག་སོགས་སླར་ཡང་ཉམས་ཁྲིད་དུ་བསྐྱངས་བར་མཛད་ཅིང༌། གཞན་ཡང་ཐབས་ལམ་གསང་ཁྲིད་ཀྱི་དབང་སོགས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་གསན་ནས། མཉེས་པ་གསུམ་གྱིས་མཉེས་པར་མཛད། པཎ་ཆེན་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་པར་རྫོགས། སྤྱིར་ཆོས་འབྲེལ་གསན་པའི་བླ་མ་ནི་བཅུ་ཕྲག་གཅིག་ལྷག་ཙམ་དུ་སྣང་ལ། དེ་དག་གི་ནང་ནས་རྗེ་ངག་དབང་ཆོས་གྲགས་རྒྱ་མཚོ་ནི་ཡོངས་འཛིན་གྱི་ཐོག་མ་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་དང༌། མོན་རྫོང་གྲུབ་དབང་ཀརྨ་དཔལ་ལྡན་ནི་ཉམས་རྟོགས་དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བ་ཐོབ་པའི་བླ་མ་ཡིན་པས། དམ་པ་འདི་གཉིས་ནི་བཀའ་དྲིན་མཚུངས་པ་མེད་པའི་རྩ་བའི་བླ་མར་མཛད་དོ། །སྐུ་གཞོན་ནུ་ནས་བཀའ་བརྒྱུད་དགོན་གསར་དུ་སྐུ་མཚམས་ལ་བཞུགས་ནས་སྔོན་འགྲོ་བསགས་སྦྱང་དང༌། ཚེ་དཔག་མེད། རྟ་མགྲིན། དཀོན་མཆོག་སྤྱི་འདུས། གུར་དྲག་སོགས་ཀྱི་ལྗགས་བསྙེན་གནང༌། མགོན་པོའི་བསྐང་བ་གནང་སྐབས་ཤིག་ལ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཕྱི་ཡི་མཆོད་པ་འབུལ་བ་ནི། །ཞེས་པའི་མཚམས་སུ་སླེབས་པ་དང༌། མཆོད་གཤོམ་གྱི་བར་སྣང་དུ་ཡེ་ཤེས་མགོན་པོ་ཞལ་མངོན་སུམ་དུ་གཟིགས། འབའ་རའི་སྒྲུབ་སྡེ་སྦྱིན་བདག་བཅས་ནས་རྗེ་འདི་ཉིད་གདན་སའི་ཞལ་འཛིན་ལ་ཕེབས་དགོས་ཞུས་པ་བཞིན་ཞལ་གྱིས་བཞེས་ཤིང༌། དེར་ལོ་གསུམ་དུ་སྒྲུབ་པར་བཞུགས། ནང་དུ་སྤངས་རྟོགས་ཀྱི་ཡོན་ཏན་ཇི་ལྟར་རྒྱས་པ་བཞིན་དུ་ཕྱི་ནས་བར་གཅོད་རྐྱེན་ངན་ཡང་ཆེས་ཆེར་ལྡང་ཡང༌། མཐར་འགལ་རྐྱེན་ཐམས་ཅད་མཐུན་རྐྱེན་འབའ་ཞིག་ཏུ་ཤར་བ་བྱུང༌། མཆོག་དམན་ཀུན་གྱིས་གུས་པས་འདུད་ཅིང༌། སྙན་གྲགས་ཇེ་རྒྱས་སུ་གྱུར། གདན་ས་དེ་ཉིད་དང༌། ཁམ་བུ་སྒྲིལ་མ་དགོན་གསང་སྔགས་ཆོས་སྡིངས། རང་དགོན་བཀའ་བརྒྱུད་དགོན་གསར་རྣམས་སུ་ཕྱག་ཆེན་དང་ཆོས་དྲུག་གི་ཁྲིད་སོགས་དབང་ཁྲིད་དུ་མ་སྤེལ། དགོན་གནས་དེ་དག་དང༌། ཁྱད་པར་དུ་རང་དགོན་དུ་རྟེན་གསུམ་འགྲན་ཟླ་བྲལ་བ་གསར་དུ་བཞེངས་ཤིང༌། བསྟན་པའི་གཞི་མ་དགེ་འདུན་གྱི་སྡེའང་རྗེ་འདིའི་སྐུ་དུས་ལ་གྲྭ་ཚང་བརྒྱ་ཕྲག་ལྷག་ཙམ་ཚོགས། བདེ་མཆོག་དང༌། ཚེ་ཆོག་ལ་སོགས་པའི་སྒྲུབ་མཆོད་རྣམས་ཀྱང་ཇེ་རྒྱས་ཇེ་བཟང་དུ་གྱུར། མཚན་མོ་ཡང་ཕལ་ཆེར་མནལ་བ་མེད་པར་ཐུགས་དམ་ཁོ་ནར་བཞུགས་པས། ཉེ་གནས་ཀྱིས་མཚན་མོ་ཕྱེད་ཡོལ་ཙམ་ནས་གསོལ་ཇ་རེ་རྒྱུན་ལྡན་ཞུས་དགོས་ཀྱི་ཡོད། རྗེ་ཉིད་དང་གྲྭ་རིགས་བཅས་པས་ནག་ཆང་བསྟེན་པ་སོགས་བསྟན་པའི་ཞབས་འདྲེན་གྱི་རིགས་སོགས་ནམ་ཡང་མི་མཛད་པར་སངས་རྒྱས་བསྟན་པའི་མིག་རྒྱན་དུ་བཞུགས་སོ། །གཞན་ཡང་འབྲུག་དང་འབྲས་ལྗོངས་བར་གྱི་རྩོད་རྙོག་རིགས་བསལ་ནས་ཕན་ཚུན་བདེ་འཇམ་ལ་བཀོད་པ་སོགས་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། དགུང་ལོ་དོན་བདུན་པ་ལྕགས་ཡོས་༼༡༨༣༡༽ལོའི་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་ལ་གཟུགས་སྐུ་ཆོས་དབྱིངས་སུ་གཤེགས་སོ། །སློབ་མའི་གཙོ་བོ་ནི། འཇམ་གླིང་པ་རིག་འཛིན་ཆོས་དབྱིངས་རྡོ་རྗེ། གྲུབ་ཆེན་རྡོ་རྗེ་རྒྱལ་མཚན། གངས་རི་སྤྲུལ་སྐུ། གྲུམ་པ་སྤྲུལ་སྐུ། འབའ་ར་རྗེ་བཙུན་མ་ཉི་མ་ཆོས་སྒྲོན། ཕག་རི་སྐད་གཏོད་གྲུབ་ཆེན་ཧེ་རུ་ཀ་རྣམས་སོ། །རྗེ་འདིའི་སྤྲུལ་གཞི་སྐྱེས་མཆོག་འབའ་ར་བ་ཡིན་པར་གསུངས་ཤིང༌། ཡོངས་གྲགས་སུ་སྐུ་ཕྲེང་དང་པོ་གྲུབ་དབང་དཀོན་མཆོག་རྒྱལ་མཚན། གཉིས་པ་ངག་དབང་བསྟན་འཛིན་ཉི་ཟླ། གསུམ་པ་རྗེ་འདི་ཉིད་དང༌། བཞི་པ་སྐལ་བཟང་རྒྱ་མཚོ། ལྔ་པ་ཐུབ་བསྟན་འོད་ལྡན། དྲུག་པ་སངས་རྒྱས་རྒྱ་མཚོ། བདུན་པ་འཇིགས་མེད་ངག་དབང་བསྟན་པའི་རྒྱལ་མཚན་བཅས་ཕེབས་པའོ། །