གཅེན་ངག་དབང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར།

༈ དེའི་སྲས་ཆེ་བ་གཅེན་ངག་གི་དབང་པོ་བསྟན་པའི་རྒྱལ་མཚན་ནི། ཡབ་ངག་དབང་ཆོས་ཀྱི་རྒྱལ་པོ་དང༌། ཡུམ་ས་སྐྱའི་དབོན་མོ་རྡོ་རྗེ་སྒྲོལ་མ་བཟང་མོའི་སྲས་སུ། རབ་བྱུང་བརྒྱད་པའི་མེ་སྟག་༼༡༥༠༦༽ལོར་འཁྲུངས། དགུང་ལོ་དྲུག་ནས་ཀློག་བསླབས། བདུན་པར་རང་བྱུང་ཁ་སརྤ་ཎིའི་སྤྱན་སྔར་ཡབ་ཀྱིས་གཙུག་ཕུད་བཞེས། མཚན་ངག་གི་དབང་པོ་གྲགས་པ་དཔལ་བཟང་པོ་ཞེས་གསོལ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་མཻ་ཏྲི་ལུགས་ལྷ་བཅུ་གསུམ་མའི་སྨིན་བྱེད་དང༌། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་རྒྱལ་དབང་རྗེས་མཛད་པའི་ཁྲིད་ཡིག་དང༌། ཐབས་ལམ་ནཱ་རོའི་ཆོས་དྲུག །རོ་སྙོམས་སྐོར་དྲུག་གི་ཁྲིད་མྱོང་ཁྲིད་གསན་ཅིང་ཉམས་སུ་བཞེས། གཞན་ཡང་སོ་ཐར་གྱི་སྡོམ་ཆོག །སྡོམ་པ་ཉི་ཤུ་པ། རྩ་ལྟུང་གཞུང་བཤད། བླ་མ་ལྔ་བཅུ་པ། དམངས་དོ་ཧའི་གཞུང༌། རྟེན་འབྲེལ་ཕྲ་རྒྱས་གཞུང་འགྲེལ། བརྟག་གཉིས་སོགས་རྒྱ་ཆེར་གསན་སྦྱང་མཛད། རྡོ་རྗེ་འཛིན་པ་ཆེན་པོ་བསྟན་པ་རྒྱ་མཚོ་ལས་མཻ་ཏྲི་བརྒྱ་རྩའི་དབང༌། འབའ་རའི་ཆོས་དྲུག་གཞུང་ཁྲིད་ཞལ་གདམས་དང་བཅས་པ་དང༌། རྒྱལ་བའི་བཀའ་འགྱུར། རྙིང་རྒྱུད། མགོན་པོའི་རྒྱུད། བཀའ་གདམས་གླེགས་བམ་སོགས་ལུང་མང་དུ་གསན། བཅོ་ལྔ་ལ་དགའ་ལྡན་ཁང་གསར་དུ་ཞབས་དྲུང་སྤྱན་སྔ་རིན་པོ་ཆེ་ཆོས་ཀྱི་གྲགས་པའི་ཞལ་སྔ་ནས་བར་མ་རབ་བྱུང་བསྒྲུབས། མཚན་ངག་གི་དབང་པོ་བསྟན་པའི་རྒྱལ་མཚན་གྲགས་པ་དཔལ་བཟང་པོར་གསོལ། བཅུ་དྲུག་པ་ལྕགས་སྦྲུལ་ལོར་གདན་སར་མངའ་གསོལ། རྒྱལ་དབང་རྗེའི་ཞལ་སློབ་འགྲོ་མགོན་བསོད་ནམས་དབང་པོ་སློབ་དཔོན་དུ་བསྟེན་ཏེ། སྒྲུབ་དཀྱིལ་ཕྱག་ལེན་དག་ཐོན་པར་མཛད། གཞན་ཡང་ཆོས་རྗེ་རྣམ་རྒྱལ་གྲགས་པ། ཀུན་སྤངས་ཤེས་རབ་རྒྱ་མཚོ། ཆོས་རྗེ་ཀུན་དགའ་ལྷུན་གྲུབ་པ། ཆོས་ཀྱི་རྗེ་གཡུལ་རྒྱལ་བ་སོགས་བླ་མ་མང་པོ་བསྟེན། བཅོ་བརྒྱད་ཆོས་རྗེ་གཡུལ་རྒྱལ་བས་སྲས་མཁར་ཞིག་གསོའི་རབ་གནས་ལ་ལྷོ་བྲག་ཏུ་གདན་དྲངས། འབུལ་བསྙེན་དང་བཀའ་ཆོས་བཀའ་དྲིན་གྱིས་བསྐྱངས། ལྷོ་ཡུལ་དུ་ཐེངས་མང་ཕེབས། འཇམ་དབྱངས་ཀུན་དགའ་སེང་གེའི་བཀའ་འབུམ་སོགས་ཁྲིད་ལུང་མང་དུ་གནང༌། འབྲུག་རབ་བརྟན་སྒང་དང་ཕོ་བྲང་སྡིངས་གསར་འདེབས་མཛད། ཁྱད་པར་བདེ་ཆེན་ཕུག་ཏུ་སྐུ་མཚམས་ཞག་བདུན་མ་ཞིག་གནང༌། དགེ་བསྙེན་ཆེན་པོ་ཇག་པ་མེ་ལེན་འདི་ཨུ་རྒྱན་པདྨས་དམ་ལ་བཏགས། འཇམ་དབྱངས་ཆོས་རྗེ་ཀུན་དགའ་སེང་གེ་ལས་དགེ་བསྙེན་གྱི་སྡོམ་པ་མནོད་དེ་གནས་འདིའི་བསྲུང་མར་བསྐོས། ཞལ་སྔ་ནས་རིན་པོ་ཆེའི་སྤྱན་སྔར་ལྷོ་ཕྱོགས་ཀྱི་བསྟན་པ་བསྲུང་བར་དམ་བཅས། ལྷག་པར་ངེད་རང་ལྷོ་ཕྱོགས་ལ་ཐོག་མར་ཡོང་བ་ནས་ད་ལྟའི་བར་དུ་རང་གཟུགས་དངོས་སུ་བསྟན། རང་རྟགས་སྲོག་གི་སྙིང་པོ་ཕུལ། སྤྱིར་ལྷོ་ཕྱོགས་ཀྱི་བསྟན་པ་འཛིན་པ་དང༌། སྒེར་དུ་ངེད་རང་གི་ཕྲིན་ལས་པ་ཞིག་ཡིན་པས་གཏོར་ཆོག་རྒྱས་པ་ཞིག་ཀྱང་བྱས་པ་ཡིན་གསུང༌། གཞན་བདེ་མཆོག་དང་མགོན་པོའི་ཞལ་གཟིགས། ཕྱག་རྡོར་བསྙེན་བསྒྲུབ་མཐར་ཕྱིན་པས་ཕྱག་ན་རྡོ་རྗེ་ལ་གྲུབ་པ་བརྙེས། གདོན་གྱིས་ཉེན་པ་ལ་ཕྱག་མཚན་བསྣུན་པ་ཙམ་གྱིས་གདོན་ལས་གྲོལ་བ་སོགས་ངོ་མཚར་མངའ། འབྲུག་དང་ར་ལུང་སོགས་སུ་ཕྱག་ཆེན་དང་ཆོས་དྲུག་སོགས་གསུང་ཆོས་ཤིན་ཏུ་སྨར་བར་གནང༌། གླིང་བཞིའི་སྒྲུབ་སྡེ་སོགས་བཤད་སྒྲུབ་ཀྱི་སྡེ་དུ་མ་གསར་དུ་བཏབ། དེ་ནས་ཡབ་མ་གཤེགས་པའི་སྔོན། དགུང་ལོ་སོ་གསུམ་པ་ས་ཁྱི་༼༡༥༣༨༽ལོའི་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ལ་སྐུ་གྲིབ་ཀྱིས་འདས་སོ། །དཔལ་གསང་བའི་བདག་པོའི་མངོན་དཀྱིལ་སོགས་ཡིག་ཆའང་ཁ་ཡར་མཛད་ཅིང༌། བླ་མ་ཡི་དམ་གྱི་བསྟོད་པ་དང༌། གསུང་མགུར་ཞལ་གདམས་སོགས་འགའ་ཞིག་ཡོད་པར་བཤད། སློབ་མ་ནི་རྡོ་རྗེ་འཛིན་པ་ཆོས་ཀྱི་མགོན་པོ། དཔལ་འཁོར་བདེ་ཆེན་ནས་རི་སྡིངས་སློབ་ཆེན། གནས་རྙིང་ལོ་ཙ་བ། བླ་མ་ཕུར་སྡིངས་པ། ཆོས་རྗེ་གསེར་ཐོག་པ། བྱར་པོའི་སྒོམ་ཆེན་རྡོར་འཛིན་ཆོས་རྒྱལ་བསོད་ནམས་རྒྱལ་མཚན་སོགས་མང་ངོ༌། །