གཅུང་ཀུན་དགའ་བཟང་པོ་སོགས་ཀྱི་རྣམ་ཐར།

༈ གཅུང་ཀུན་དགའ་བཟང་པོ་ནི། རྗེ་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་གཅུང་དུ་འཁྲུངས། རྗེ་དེ་ཉིད་དང་བླ་མ་མང་པོ་བསྟེན། སྔོན་འགྲོ་གཏོང་དུས་ནས་དཔག་པར་དཀའ་བའི་མཚན་མ་བཟང་པོ་བྱུང་ཞིང༌། རྗེ་ལ་འཇམ་དཀར་གྱི་རྗེས་གནང་ཞུས་ནས། བསྙེན་པ་གཏོང་བར་གཞུང་ནས་བཤད་པའི་རྟགས་མཚན་ཕལ་ཆེར་སྣང༌། འབའ་རའི་གདན་ས་ལོ་མང་པོ་བཞུགས་པས། སྒྲུབ་ཚུགས་བཟང་བ་དང་གང་ཅི་ནས་མཆོག་དམན་ཀུན་དད་མོས་ཆེ་ཞིང༌། ཕྱིས་གདན་ས་བཀྲ་ཤིས་ཆོས་གླིང་དུ་བཞུགས་ནས་མཛད་ཕྲིན་བསྐྱངས་སོ། །གཞན་ཡང་རིག་འཛིན་ཆོས་དབྱིངས་རྡོ་རྗེའི་གཅུང་གྲྭ་གདུང་སྲས་སྔགས་འཆང་ཟིལ་གནོན་རྡོ་རྗེ་ཞེས་བྱ་བ་ཞིག་ཀྱང་བྱུང་ཞིང༌། དེ་དག་གི་སྲས་རྒྱུད་དུ་བློ་གྲོས་ནོར་བུ་ཞེས་པ་བྱོན། དེའི་སྲས་བློ་བཟང་འགྱུར་མེད་རྡོ་རྗེ་དགུང་གྲངས་ཞེ་དགུ་ཙམ་བཞུགས། དེ་ལ་སྲས་རྗེ་བཙུན་བསྟན་འཛིན་ནོར་བུ་༼༡༩༡༦་་་༡༩༨༨༽དང༌། ཟིལ་གནོན་༼༡༩༣༡༽གཉིས་བྱུང༌། དེའི་སྲས་སུ་ད་ལྟ་ཇོ་པདྨ་ཆོས་སྐྱབས་དང༌། བྱམས་པ་དཔལ་ལྡན་སོགས་འཁྲུངས། ཁོང་རྣམ་གཉིས་དུས་འགྱུར་སྐབས་འཕགས་ཡུལ་དུ་ཕེབས་ནས། རྡ་རམ་སར་དགོན་གནས་གསར་དུ་བཞེངས་པ་དང༌། སྐྱེས་མཆོག་འབའ་ར་བའི་བཀའ་འབུམ་གྱི་དཔེ་རྒྱུན་དང་ལུང་རྒྱུན་སྤེལ་བ་སོགས་ཀྱིས་བསྟན་འགྲོའི་དོན་མཛད་བཞིན་ད་ལྟར་སྐུ་འཚོ་གཞེས་སུ་བཞུགས་སོ། །

          འདིར་སྨྲས་པ།

སྡེ་སྣོད་གསུམ་དང་ཁྱད་པར་རྒྱུད་སྡེ་བཞི། །

རི་ཆོས་སྐོར་གསུམ་ལྷག་པར་ཁྲིད་ཆེན་བརྒྱད། །

མདོར་ན་བཀའ་བསྟན་མན་ངག་རྒྱ་མཚོའི་མཛོད། །

བརྒྱུད་པ་འདི་འདྲ་རིན་ཆེན་འབྱུང་གནས་དངོས། །

 

ཞེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་མཁས་གྲུབ་བླ་མ་རྒྱ་མཚོའི་རྣམ་ཐར་ལེགས་བཤད་ནོར་བུའི་གཏེར་མཛོད་ཀྱི་འབྲུག་ལུགས་བླ་མ་བརྒྱུད་པའི་རྣམ་ཐར་དངོས་བསྟན་པ་ལས། སྐྱེས་མཆོག་འབའ་ར་བ་ནས་བརྒྱུད་པའི་འབར་འབྲུག་གི་སྐབས་ཏེ་བདུན་པའོ།། །།