ཁམས་སྤྲུལ་གཉིས་པ་ཀུན་དགའ་བསྟན་འཕེལ་གྱི་རྣམ་ཐར།

༈ དེའི་སློབ་མ་ཁམས་སྤྲུལ་གཉིས་པ་ཀུན་དགའ་བསྟན་འཕེལ་ནི། ཁམས་ཆབ་མདོའི་རྫ་རྒྱུད་དབེས་མདར། ཡབ་ཉ་རྒྱས། ཡུམ་ལྷ་མོ་དཀར་མོ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ས་ཡོས་༼༡༦༣༩༽ལོར་བལྟམས། མཐུ་ཆེན་གསུམ་པ་དང་འཁྲུངས་ལོ་གཅིག །ཆུང་དུས་གཅེན་སི་ཏུ་ཕྲིན་ལས་རབ་བརྟན་དང་ལྷན་དུ་ཀརྨ་དགོན་ཆེན་དུ་བཞུགས་ཏེ། འབྲི་ཀློག་སོགས་རིག་གནས་ལ་མཁས་པར་མཛད། དེ་ནས་རྗེ་ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་མཆོག་གིས་གོང་མའི་ཡང་སྤྲུལ་ཡིན་པ་དང་བདེ་ཆོས་སུ་ཡར་ཕེབས་དགོས་ཚུལ་གྱི་བཀའ་འཕྲིན་བསྩལ་ཚུལ། རྗེ་གོང་མའི་བུ་ཆེན་བསོད་ནམས་རྒྱ་མཚོའི་རང་རྣམ་ཚིགས་བཅད་ལས། ཡོངས་འཛིན་རིན་པོ་ཆེའི་བཀའ་ཤོག །བསྐུར་ནས་གནང་བ་འབྱོར་བྱུང་བར། །གྲུབ་པའི་དབང་ཕྱུག་རིན་པོ་ཆེའི། །སྤྲུལ་སྐུ་ཀརྨའི་ཤོད་ཀྱི་གནས། །རྫ་ཆུ་མདུན་དུ་འབབས་པའི་ངོགས། །ས་འབུར་དུ་དོད་པ་ནགས་ཚལ་བརྒྱན། །ཁང་རུལ་ཞིག་ལ་ཁད་པའི་སྒོ། །ཤར་སྟོད་བྱང་ཤར་བསྟན་པའི་ནང༌། །སྤྲུལ་པའི་སྐུ་ཉིད་ཀྱ་དང་ཚེ། །བཀྲ་ཤིས་དག་གི་མཚན་འཛིན་པ། །མཁུར་ཚོས་གཡས་པར་ཤ་མཚན་བཅས། །སྔར་གྱི་གྲགས་པ་མ་ཡིན་ཀྱང༌། །ད་ལྟ་གྲགས་པའི་ས་འཛིན་པའི། །མི་ཆེན་པོའི་རིགས་སུ་ངེས་པར་འདུག །ལོ་རྙིང་པ་འདི་ལ་གདན་མ་དྲངས། །ཕྱིས་བར་ཆད་ཆེ་བས་གདན་འདྲེན་དཀའ། །གཉེར་རྒོད་མ་སོགས་ཙབ་ཙུབ་ཀྱི། །དམ་སེལ་འགྲོ་བར་མ་ཡིན་པའི། །ཁྱོད་གསོལ་བ་ཐོབ་ལ་གང་དགོས་ནོར། །སྤྲད་ནས་ཁྱོད་ཀྱིས་བླུས་ནས་འབྱོན། །ཞེས་སོགས་ཀྱི་བཀའ་ཕེབས་པ་ལྟར་རྩ་འཛིན་ལེགས་པར་ཞུས་ཤིང༌། རྫ་རྒྱུད་གྱིང་ཐང་དུ་རྗེ་བསོད་ནམས་རྒྱ་མཚོས་ཟབ་ཆོས་བཙུགས་སར་ཐོག་ཅིག་བཞུགས་རྗེས། ཚོགས་བརྒྱ་མའི་མཐིལ་དུ་གདན་དྲངས་ཏེ་ཁྲི་གསོལ་མཛད། དེ་ནས་གོང་མའི་སློབ་ཆེན་དཀོན་མཆོག་རྒྱ་མཚོ། ཕྲིན་ལས་རྒྱ་མཚོ། དཀོན་མཆོག་རིན་ཆེན། སངས་རྒྱས་རིན་ཆེན། གཞན་ཕན་རིན་ཆེན་སོགས་དང༌། འབྲུག་པ་གཉེར་རྒོད་མ་སོགས་སྦྱིན་བདག་མང་པོས་དབུས་སུ་ཕེབས་རྫོངས་ཁྲི་འབུལ་བསམ་ལས་འདས་པ་བཅས། རྗེ་བསོད་ནམས་རྒྱ་མཚོ་དང་ལྷན་དུ་རིམ་གྱིས་རི་བོར་ཆེར་ཕེབས། དེར་ཞབས་དྲུང་རིན་པོ་ཆེ་སྐུ་མཚམས་དང་ཁེལ་ཀྱང་ནན་ཞུས་ངོར། ཐུགས་ཀྱི་གཟིགས་པ་ཆེན་པོས་སངས་རྒྱས་དབོན་གྱི་ཞལ་གཟིགས་གུར་ལྷ་བརྒྱད་ཀྱི་དབང༌། ཇོ་བོ་སྤྲག་བཙན་གྱི་བཀའ་གཏད་འདོན་ཐབས་མན་ངག་དང་བཅས་པ་གནང༌། དེ་ནས་བདེ་ཆོས་སུ་ཡོངས་འཛིན་རིན་པོ་ཆེའི་སྤྱན་སྔར་བྱོན། ཚིགས་གསུམ་གྱི་བསླབ་པ་རིམ་གྱིས་མནོས་ཤིང༌། མཚན་ཀུན་དགའ་བསྟན་འཕེལ་དུ་གསོལ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་བསྲེ་སྙན་སོགས་ཟབ་ཁྲིད་དུ་མ། དཔལ་འཁོར་ལོ་སྡོམ་པ་དང་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་སྨིན་དབང་དཔག་མེད་ཞུས། གསན་སྒོམ་སྟབས་སུ་མཛད་པས། ཡུན་རིང་ངལ་བ་མ་དགོས་པར་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཉམས་མྱོང་མཐའ་རུ་ཕྱིན་ཏེ། རྗེ་ཡོངས་འཛིན་དམ་པའི་ཞལ་ནས་ཀྱང༌། མདོ་ཁམས་ངག་དབང་བསྟན་འཕེལ་གྱི་སྤྲུལ་པ་ཁྱོད་ལ་ཡང་ཐང་ལ་བྱུང་ཡང་བྱུང་འདུག་གསུངས་ནས་ཤིན་ཏུ་མཉེས། གཞན་ཡང་ས་སྐྱ་ཞབས་དྲུང་ཀུན་དགའ་བསོད་ནམས་ལ་ལམ་འབྲས་ཀྱི་ཁྲིད་རྒྱས་པ་གསན་ཞིང༌། མཐུ་ཆེན་མི་ཕམ་ཆོས་ཀྱི་དབང་ཕྱུག་ལ་དབང་ཆོས་སྤེལ་མར་གསན་བཞེས་གནང་བ་སོགས་བླ་མ་དུ་མ་བསྟེན། ཁམས་སུ་མ་ཕེབས་པར་དགོན་པ་བདེ་ཆོས་ཀྱི་སྒྲིགས་རྒྱུན་རང་དུ་བཞུགས། གསུང་སྙན་པས་དང་པོར་དགོན་པའི་དབུ་མཛད་ཆེན་མོའི་གོ་ས་དང༌། བར་དུ་རྡོ་རྗེ་སློབ་དཔོན་མཛད། ལྷ་སྔགས་ཏིང་ངེ་འཛིན་དང་ཕྱག་རྒྱ་ཌཱ་དྲིལ་ལ་མཁས་པའི་སྙན་གྲགས་ཐོན། ལྷག་པའི་ལྷ་དུ་མའི་སྒྲུབ་པ་དང་བསྙེན་པ་མང་པོ་གནང་ཞིང༌། རྗེས་གནང་ཉེར་གཉིས་མའི་ལྷ་རེ་རེ་བཞིན་གྱི་གྲངས་རྒྱས་པ་ཐེམས་པར་མཛད། ཁྱད་པར་རྗེ་བཙུན་ཡིད་བཞིན་འཁོར་ལོའི་སྙིང་པོ་དུང་ཕྱུར་གསུམ་ཙམ་ལྗགས་བཟླས་གནང༌། སྲུང་མ་དངོས་སུ་འདུ་བས་ཐུགས་དམ་གཏོར་བསྔོའི་སྐབས་མི་གཞན་འགྲོ་བར་མི་སྤོབས་པ་ཙམ་གྱི་ཟིལ་ཤིན་ཏུ་ཆེ། དབེན་གནས་གཡའ་རི་སྨུག་པོར་སྒྲུབ་པར་བཞུགས་དུས་གུ་རུ་པདྨའི་ཞལ་གཟིགས་ཤིང༌། རྗེས་སུ་བཟུང་བའི་ལུང་བསྟན་བསྩལ། སྐུ་ཚེ་སྨད་དུ་བྱང་ཆུབ་སྡིངས་ཀྱི་བླ་མར་ཕེབས་ནས་དགོན་གནས་ཉམས་གསོ་དང༌། དད་སྦྱིན་གྱི་རེ་སྐོང་སོགས་བསྟན་འགྲོའི་དོན་ཅི་ཡང་མཛད་པའི་མཐར། ཚུར་རོལ་བྱིས་པའི་སྣང་ངོར། ཨ་ཁུ་བདུད་ཟེར་བ་ཞིག་གིས་གསོལ་ངན་ལན་གསུམ་ཞུས་པའི་དང་པོ་གཉིས་ལྷ་སྲུང་གི་ནུས་པས་ལམ་དུ་ཟགས་ནས་ཞུ་བ་མ་བྱུང་ཡང༌། སྐུ་ཚེའི་འདུ་བྱེད་གཏུགས་ཏེ་རྗེས་མ་དེ་བཞེས་པའི་རྐྱེན་གྱིས་དགུང་ལོ་བཞི་བཅུ་པ་ས་རྟ་༼༡༦༧༨༽ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་སོ། །