༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༡༦)

དེ་ནས་སོ་དྲུག་པ་ས་ཕག་ལོར་བོད་ཡོངས་རྫོགས་སུ་དུས་འགྱུར་མི་བཟད་པ་བྱུང་བའི་སྐབས། དགོན་པར་བཞུགས་ཐབས་བྲལ་ནས་རི་ལུང་གང་སར་བྲོས་བྱོལ་དུ་ཕེབས། མཐར་ཕྱི་ཕྱོགས་སུ་བཙན་བྱོལ་ལ་ཕེབས་བཞེད་ཀྱིས་ཉིན་མཚན་ལྟོས་མེད་ངང་ལམ་གང་ཐོབ་གྱིས་ལྷ་སའི་བར་དུ་ཕེབས་ཐུབ་པ་བྱུང་ཡང་། དེར་དམ་དྲག་འོག་ཏུ་ལོ་ཤས་བཀག་ཉར་བྱས་རྗེས། རང་ཡུལ་དུ་མར་ཕེབས་ཆོག་ཙམ་བྱུང་། དེ་ནས་ཆོས་ལུགས་ལ་དུག་རྩར་བརྩིས་པའི་ལས་འགུལ་དྲག་པོ་དངོས་སུ་སྤེལ་བའི་ཚེ། སྔོན་མཁན་པོའི་མཚན་ཡོད་པ་དང་། གསར་དུའང་ཉེས་མིང་སྣ་ཚོགས་བཏགས་ཏེ། ཉིན་བཞིན་འཐབ་རྩོད་ཤ་སྟག་བརྒྱབ་པ་སོགས་འོ་བརྒྱལ་བཟོད་པར་དཀའ་བ་དུ་མ་ཞིག་མྱངས་པའི་མཐར། ཉེས་པ་ཅི་ཡང་མེད་བཞིན་མི་ལོ་ཉི་ཤུ་མ་ཟིན་ཙམ་ལ་ཆབ་མདོའི་བཙོན་ཁང་དང་། སྤོ་བོའི་བཙོན་ཁང་དུ་བཞུགས་དགོས་བྱུང་། རྐྱེན་ངན་དེ་དག་བྱང་ཆུབ་སེམས་ཀྱིས་ལམ་དུ་ཁྱེར་ནས་ཚར་ལྷོངས་མཐར་ཕྱིན་པ་བྱུང་བ་མངོན། དེ་ནས་ང་དྲུག་པ་ས་ལུག་༼༡༩༧༩༽ལོར་བཙོན་ནས་གློད་བཀྲོལ་ཐོབ་རྗེས་རང་ཡུལ་དུ་བྱོན་མ་ཐག་དགོན་པའི་ནང་དུ་བཞུགས་ཏེ། རིག་གནས་གསར་བརྗེའི་སྐབས་ཉམས་ཉེས་སུ་གྱུར་པའི་གསུང་རབ་ལྷག་མ་རྣམས་མ་དཔེ་བསྡུ་རུབ་གང་ཐུབ་ཀྱིས་ཤིང་སྤར་དུ་འཁོད་པའི་ཐབས་ཁོ་ན་གནང་ནས། སྤར་རྩ་ལ་ཞུ་དག་དང་། སྤར་ཤིང་སྣུམ་སྲེག་སོགས་ཀྱི་ཐུགས་འགན་ཆ་ཚང་བཞེས། ལོ་ཤས་རྗེས་གནའ་སྔ་མོར་ཡང་ཡོད་པར་དཀའ་བའི་གསུང་རབ་ཀྱི་སྤར་ཁང་བཟང་པོ་ཞིག་གྲུབ།
དགུང་གྲངས་རེ་ལྔ་པ་ས་འབྲུག་༼༡༩༨༨༽ལོར་བཤད་གྲྭའི་ཚོགས་ཁང་ཉམས་གསོ་གྲུབ་འཕྲལ་དགོན་པའི་དབུ་འཛིན་ལྕི་སྤྲུལ་རིན་པོ་ཆེའི་བཀའ་བཞིན་བཤད་གྲྭའི་མཁན་པོ་གནང་ཞིང་། དེ་ནས་བཟུང་མཁན་ཁྲིར་ལོ་བཅུ་གསུམ་བཞུགས་པའི་རིང་། སུམ་རྟགས་དག་གསུམ། རྩིས་སྙན་ངག་སོགས་ཐུན་མོང་གི་རིག་གནས་དང་། དགེ་ཚུལ་ཀ་རི་ཀཱ་ནས་བཟུང་རྒྱུད་རྒྱལ་དགྱེས་པ་རྡོ་རྗེའི་བར་གྱི་མདོ་སྔགས་ཀྱི་གཞུང་ཁྲིད་སོགས་ལེགས་བཤད་བདུད་རྩིའི་གྲུ་ཆར་ཡང་ཡང་ཕབ་པས། སྐལ་བཟང་གདུལ་བྱའི་ལོ་ཏོག་ཡོངས་སུ་སྨིན་ཏེ། མཁས་བཙུན་བཟང་པོའི་འབྲས་བུ་གཡུར་ཟ་ཞིང་། སྙན་པའི་དྲི་བསུང་ཞིམ་པོས་ཕྱོགས་མཐར་ཁྱབ་པའི་ཞལ་སློབ་བཟང་ལ་མང་བ་བྱུང་ཡོད། དོན་དགུ་ནས་མཁན་ཟུར་གནང་སྟེ་གཟིམ་ཆུང་དུ་རྟག་བཞུགས་མཛད་པའི་སྐབས་སུའང་། རིས་སུ་མ་ཆད་པའི་བླ་མ་མཁན་སྤྲུལ་དང་། གྲྭ་བཙུན་སོགས་སྐྱ་སེར་མང་པོ་ཞིག་ལ་ཁྲིད་ལུང་དབང་གསུམ་གང་ལ་གང་འདོད་བཞིན་རྟག་འགྲུས་སུ་བསྩལ་བར་མཛད། བཤད་གྲྭ་ཐེངས་དང་པོ་ནས་བཟུང་རྒྱུན་དུ་ཁྲག་འབམ་གྱི་སྙུང་གཞིས་ཟིན་པ་སོགས་རྐྱེན་ངན་དུ་མ་ཞིག་ཕྲད་
ཡོད་ཀྱང་། ཆོས་ཐུན་ཆད་པ་ལས་བར་ཆད་ཆེ་བ་གཞན་མེད་གསུངས་ནས། བཤད་གྲྭ་དབུ་ཚུགས་ནས་མ་གྲོལ་བར་ཉི་མ་གཅིག་ལའང་ངལ་གསོ་མི་མཛད་ཅིང་། བསྟན་འགྲོའི་དོན་ཁོ་ནར་དགོངས་ནས་ཆོས་སྨྲ་བ་ལ་སྐྱོ་བ་དང་སུན་པ་གཏན་ནས་མི་མངའ་བས། སྡུད་པ་ལས། ཆོས་ཕྱིར་སྲོག་ཀྱང་འདོར་ཞིང་རྣལ་འབྱོར་རབ་ཏུ་བརྩོན། །ཞེས་ཕྱིར་མི་ལྡོག་པའི་རྟགས་སུ་གསུངས་པ་རྣམས་གསལ་བ་ཚང་ཡོད། སྔོན་དགེ་བཤེས་པོ་ཏོ་བས་བཤད་པ་མཛད་པ་ན་ཚིག་གཅིག་ཀྱང་ཕྱིར་མ་ལུས་པར་ཉམས་ལེན་ཁོ་ན་དང་སྦྱར་ནས་འཆད་པ་ལྟར། རྗེ་འདིས་ཀྱང་ཆོས་གསུངས་ཚད་རང་སེམས་འདུལ་བའི་ཉམས་ལེན་གྱི་ཐོག་ཏུ་བསྐོར་ནས་གསུངས་ཤིང་། བྱང་ཆུབ་སེམས་ལ་ཐུགས་དམ་གྱི་མཐིལ་དུ་གནང་བས། རང་ཉིད་ཆེ་འདོད་དང་། གཞན་ལ་ཕྲག་དོག་གི་ཚིག་ཟུར་སོགས་ནམ་ཡང་མཐོང་ཐོས་ཀྱི་ཡུལ་ལས་དབེན། མདོར་ན་མདོ་རྒྱུད་ནས་གསུངས་པའི་བླ་མའི་མཚན་ཉིད་དང་། དེང་སང་གི་བླ་སྤྲུལ་ཕལ་ཆེ་བའི་ལྟ་སྤྱོད་རྣམས་མཐོང་གིན་དད་པ་ཕྱི་ཕྱིར་འཕེལ་བར་འགྱུར་བའི་བླ་མ་ཞིག་ཡིན། དེ་ལྟར་ཆེས་སྙིགས་དུས་ངན་ནང་འདིར་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་། ལྷག་པར་དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་བསྟན་པ་ཉི་མོ་བཞིན་གསལ་བར་མཛད་པའི་བཀའ་དྲིན་གཞལ་དུ་མེད་པའི་ཕྱག་རྗེས་བླ་ན་མེད་པ་བཞག་གནང་བའི་མཐར། དགུང་ལོ་གྱ་ལྔ་ས་བྱི་༼༢༠༠༩༽ལོའི་བོད་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཉེར་ལྔ་ཉིན་གློ་བུར་སྙུན་ཟུག་ཅི་ཡང་མེད་པར་དགོངས་པ་གཞན་དོན་དུ་གཤེགས་སོ། །སྐུ་གདུང་ལ་རིང་བསྲེལ་དཀར་སེར་སོགས་དཔག་ཏུ་མེད་པ་འཁྲུངས་པའི་ངོ་མཚར་བ་བྱུང་ཞིང་།
གསུང་ལས་སྐྱེས་པའི་བུ་སློབ་ཤིན་ཏུ་མང་ཡང་གཞུང་རིག་གནས་ཀྱི་སྦྱངས་པ་མཐར་ཕྱིན་པའི་སློབ་མའི་གཙོ་བོ་ནི། ཀརྨ་དགོན་མཁན་པོ་རྣམ་སྲས་བསོད་ནམས། འཇོ་ཕུ་དགོན་མཁན་པོ་དགེ་ལེགས་དར་རྒྱས་དང་མཁན་པོ་བློ་བཟང་ཕྲིན་ལས། འབྲུ་ཚེ་བྷྲུཾ་དགོན་མཁན་སྤྲུལ་རྡོ་རྗེ་ཚེ་རིང་། དཔལ་ཆེན་དགོན་མཁན་པོ་དབང་ཆེན་སྟོབས་རྒྱལ་དང་། མཁན་པོ་ཧ་དགེའི་ཆོས་རྣམ། བསྟན་པ། གུ་ཕུ་དགོན་མཁན་པོ་འགྱུར་མེད། འཛི་སྒར་དགོན་རང་དུ། མཁན་པོ་བསྟན་པ་རབ་རྒྱས། མཁན་པོ་སྐལ་བཟང་རྡོ་རྗེ། མཁན་པོ་འཆི་མེད་སྟོབས་རྒྱལ། མཁན་པོ་བསོད་ནམས་བཀྲ་ཤིས། མཁན་པོ་འཇམ་དབྱངས་ཉི་མ། མཁན་པོ་དངོས་གྲུབ་ཕུན་ཚོགས། མཁན་པོ་བཀྲ་ཤིས་ཚེ་རྡོར། མཁན་པོ་མགོན་པོ་རྣམ་རྒྱལ། མཁན་པོ་བསོད་ནམས་རྡོ་རྗེ། མཁན་བཙུན་ཚེ་དབང་གྲགས་པ། སྒྲུབ་བླ་བསོད་དར། སྐུ་མཚམས་པ་སྣང་གསལ་སོགས་དང་། ཕྱོགས་གཞན་ནས་བཀའ་ཆོས་འགའ་ཙམ་གསན་པའི་ཞལ་སློབ་གསེར་རྟ་མཁན་སྤྲུལ་འཆི་མེད་རིག་འཛིན། སྐྱབས་ཆེ་སྤྲུལ་སྐུ་བཀྲ་ཤིས་ནོར་བུ། པད་སྙིང་མཁན་པོ་ལྷ་དབང་རྡོ་རྗེ། སྐྱོག་བྲག་མཁན་པོ་དམ་ཆོས་ཟླ་བ་དང་མཁན་པོ་དགའ་དབང་སོགས་མཁན་སྤྲུལ་མང་པོར་བྱུང་ངོ་། །
དེ་ལྟར་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་གྱི་རིང་འཛི་སྒར་རང་དུ་སྤྲུལ་སྐུ་མཁན་སློབ་ཇི་ལྟར་བྱོན་པ་དང་། བཤད་སྒྲུབ་ཀྱི་སྡེ་ཇི་ལྟར་དར་ཚུལ་བརྗོད་པ་ཙམ་ཡིན་གྱི། སྤྱིར་གོང་དུ་གསལ་བ་ལྟར་སྐུ་ཕྲེང་རིམ་བྱོན་དེ་དག་གི་ཞལ་སློབ་དང་ཡང་སློབ་རྣམས་ཀྱི་རྣམ་ཐར་དང་། དེ་དག་གིས་ཕྱག་བཏབ་པའི་ཆོས་སྡེ་རྣམས་ཀྱི་ལོ་རྒྱུས་མཐའ་དག་ནི་ཤིན་ཏུ་རྒྱ་ཆེ་ཞིང་། ཁྱད་པར་མཁས་གྲུབ་དགེ་ལེགས་རིན་ཆེན་གྱིས་མཛད་པའི་ཕྱག་ཆེན་བླ་མ་བརྒྱུད་པའི་ལོ་རྒྱུས་ལས། རྗེ་བསོད་ནམས་རྒྱ་མཚོའི་སློབ་མ་ལ་རྒྱ་མཚོའི་མཚན་ཅན་རྣམ་ལྔ་སོགས་ཁམས་འབྲུག་ཕལ་ཆེར་འདིའི་སློབ་གྲྭ་ཤས་ཆེ་བར་གསུངས་པས་དེ་ཐམས་ཅད་འདིར་སྨོས་ཀྱིས་ག་ལ་ལོང་། མདོར་ན་རྗེ་བསོད་ནམས་རྒྱ་མཚོས་ཚོགས་བརྒྱའི་དགོན་ཐོག་མར་ཕྱག་བཏབ་སྟེ། ཚོགས་བརྒྱའི་བསོད་ནམས་རྒྱ་མཚོར་གྲགས་ཤིང་། དེར་དབང་རྒྱུད་མན་ངག་སྒྲུབ་ཕྲིན་དང་བཅས་པའི་རྒྱུན་བཟང་པོ་བཙུགས་པས། དེའི་རྗེས་སུ་བྱུང་བའི་ཁམས་ཕྱོགས་ཀྱི་འབྲུག་དགོན་རྣམས་ཀྱི་འབྲུག་ལུགས་ཆོ་གའི་ཕྱག་སྲོལ་ཚུན་ཆད་ཀྱང་དེ་ལས་མཆེད་ཅིང་། ད་ལྟའི་དུས་རབས་འདིར་ཡང་རྗེ་འཛི་སྒར་བདུན་པ་ངག་དབང་བསྟན་འཛིན་དཔལ་བཟང་གི་ཞལ་སློབ་ཏུ་གྱུར་པ། མཁས་པའི་དབང་པོ་འཛི་སྒར་ཀོང་སྤྲུལ་རིན་པོ་ཆེས་ཁམས་རི་བོ་ཆེར་མཚོ་ཁ་དགོན་དང་། འཛི་སྒར་ཐུགས་སྲས་རིན་པོས་འཕགས་ཡུལ་རྡོར་གླིང་དུ་ཐུབ་བསྟན་གསང་སྔགས་ཆོས་གླིང་ཕྱག་བཏབ་ཅིང་། རྗེ་དེས་ལུགས་གཉིས་ཀྱིས་མཚུངས་ཟླ་དང་བྲལ་བར་བསྐྱངས་པའི་དཔལ་རྒྱལ་དབང་འབྲུག་པ་སྐྱབས་མགོན་བཅུ་གཉིས་པས་བལ་ཡུལ་དུ་འབྲུག་ཨ་མི་ཏཱ་བྷའི་ཆོས་སྡེ་གསར་དུ་ཕྱག་བཏབ་པས་མཚོན་ཇི་སྲིད་དཔལ་ལྡན་འབྲུག་པའི་བསྟན་པ་རིན་པོ་ཆེ་གནས་ཀྱི་བར་དུ་འཛི་སྒར་པ་ཆེན་པོའི་ཕྲིན་ལས་ཀྱི་འཇུག་པའང་མེ་མར་དང་སྡོང་བུའི་འོད་ལྟར་མཉམ་དུ་འགྲོགས་པར་གདོན་མི་ཟའོ། །
སླར་སྨྲས་པ།
སྤྲུལ་པས་བསྟན་འགྲོའི་དོན་ཆེན་མཛད་པ་དང་། །
གྲུབ་པས་མཁྱེན་བརྩེ་ནུས་ལ་དབང་འབྱོར་ཚུལ། །
མཁས་པས་འཆད་ཉན་གནང་བའི་ལོ་རྒྱུས་ནི། །
སངས་རྒྱས་བསྟན་པ་འཛིན་ན་དགོས་པ་ཡིན། །

དེ་ཕྱིར་བསྟན་དང་བསྟན་འཛིན་དམ་པ་ཡི། །
ལུགས་གཉིས་ཆེ་བའི་ལོ་རྒྱུས་ཅུང་ཟད་ཙམ། །
སྒྲོ་སྐུར་རང་བཟོས་དྲི་མས་མ་སྦགས་པར། །
གཟུར་གནས་དམ་པ་རྣམས་ལ་སྐྱེས་སུ་ཕུལ། །
སྔོན་བྱུང་ལོ་རྒྱུས་རྣམས་སུ་མ་གསལ་བའི། །
འོལ་ཚོལ་རང་ཐག་བཅད་པའི་རྟོག་བཟོ་ནི། །
གཞན་ལ་སྨྲས་ཀྱང་རང་ཉིད་ངོ་ཚའི་གནས། །
དེ་ཕྱིར་ཚིག་རེར་དཔང་རྟགས་རེ་རེར་ཡོད། །

ད་ལྟའི་གནས་བབ་དངོས་སུ་མཐོང་ཐོས་རྣམས། །
བསགས་ཏེ་ཡི་གེའི་ལམ་དུ་བཀོད་པ་ལས། །
མི་བདེན་རྫུན་གྱི་གོ་སྒྲིག་བྱས་ཡོད་མེད། །
གཟུར་གནས་རྡོ་རྗེའི་མཆེད་ཀུན་དཔང་དུ་བཞུགས། །
དེ་ལྟར་བྲིས་པའི་རྣམ་དཀར་དགེ་བ་དེས། །
རྒྱལ་བསྟན་སྤྱི་དང་བྱེ་བྲག་དཔལ་འབྲུག་པའི། །
བསྟན་པ་དར་རྒྱས་ཡུན་དུ་གནས་པ་དང་། །
འགྲོ་ཀུན་རྒྱལ་བའི་བསྟན་ལ་འཇུག་པར་ཤོག །

ཅེས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བསྟན་པའི་སྲོག་ཤིང་དུ་གྱུར་པ། ཡུལ་མདོ་ཁམས་ཀྱི་ཆོས་སྡེ་ཆེན་པོ་དཔལ་འཛི་སྒར་བཀྲིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་འདི་ཉིད་ཀྱི་བསྟན་པའི་བདག་པོ། ༧སྐྱབས་རྗེ་མཆོག་སྤྲུལ་ཡིད་བཞིན་ནོར་བུས་མཚོན་པའི་བསྟན་དགོན་འདིར་དམ་པའི་སྐྱེ་སྤྲུལ་ཇི་ལྟར་བྱོན་པ་དང་། ཞར་བྱུང་བཤད་སྒྲུབ་ཀྱི་སྡེ་གཉིས་དར་ཚུལ་བཅས་ཀྱི་ལོ་རྒྱུས་འདིའང་། ནང་མཆེད་མཁན་རིན་པོ་ཆེ་བསོད་ནམས་བཀྲིས་སོགས་མཆེད་གྲོགས་དུ་མས་ཡང་ཡང་བསྐུལ་བའི་ངོར། སྐྱབས་རྗེ་མཆོག་སྤྲུལ་རིན་པོ་ཆེ་གང་གི་གྲྭ་འབངས་སུ་གཏོགས་ཤིང་། འཛི་སྒར་མཁན་མིང་བསྟན་འཛིན་རྒྱལ་མཚན་ནམ། ཕྲིན་ལས་རྡོ་རྗེར་འབོད་པས། འཕགས་ཡུལ་རྡོ་རྗེ་གླིང་བཤད་སྒྲུབ་ཆོས་སྡིངས་སུ། བོད་རབ་བྱུང་བཅུ་བདུན་པའི་རྣམ་པར་རྒྱལ་ཞེས་པའི་༼༢༠༡༣༽ལོའི་ཆོ་འཕྲུལ་ཟླ་བའི་ནང་རྫོགས་པར་བྲིས་པ་འདིས་ཀྱང་ཐུབ་པའི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་སྙིང་པོ་དོན་གྱི་རིང་ལུགས་འདི་ཉིད་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།