༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༡)

ཨོཾ་སྭསྟི།
ཕུན་ཚོགས་བཀྲ་ཤིས་ཀུན་གྱི་འབྱུང་གནས་ཆེ། །
སྐྱེ་རྒུ་བདེ་སྐྱིད་དཔལ་ལ་འགོད་པའི་མགོན། །
ཤེས་བྱ་མ་ལུས་མཁྱེན་པའི་སྤྱན་ཡངས་པོ། །
དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །

འཇམ་དཔལ་གཞོན་ནུའི་ཡེ་ཤེས་སྒྱུ་མའི་མཁར། །
བསོད་ནམས་ཚོགས་བརྒྱའི་སྤྲིན་ཆེན་གཡོས་པ་ལས། །
ངོ་མཚར་སྤྲུལ་པའི་སྐྱེས་རབས་བདུད་རྩིའི་ཆར། །
ཡངས་པའི་འགྲོ་ཁམས་རྒྱ་མཚོའི་དཔྱིད་དུ་སྨིན། །
གང་གི་སྐྱེས་རབས་ལྷ་ཡི་རྫིང་རིང་པོར། །
བྱིས་བློས་འདོམ་འཇལ་ཕ་མཐའ་ག་ལ་སྟེ། །
འོན་ཀྱང་རང་སྣང་མི་ཡི་གར་བརྫུས་པའི། །
མཚན་ལྡན་བླ་མའི་རྣམ་ཐར་ཟུར་ཙམ་གླེང་། །

ཞེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའི་ཚིགས་སུ་བཅད་པའི་མེ་ཏོག་སིལ་མར་བརྡལ་བས་མདུན་བསུས་ཏེ། གང་གླེང་བར་བྱ་ན༑ གངས་ཅན་ལྗོངས་འདིར་རྒྱལ་བའི་བསྟན་པ་སྤེལ་བ་ལ་གཞན་དྲིང་མི་འཇོག་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་རིང་ལུགས་འཆང་བ། མཁས་དང་གྲུབ་པའི་ཁྱུ་མཆོག་རྗེ་འཛི་སྒར་བསོད་ནམས་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་མདོ་ཙམ་འཆད་པ་ལ་གཉིས། སྤྲུལ་གཞི་ངོས་བཟུང་བ་དང་། སྤྲུལ་པས་བསྟན་པ་སྤེལ་ཚུལ་ལོ། །དང་པོ་ནི། དེ་ཡང་རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་གཞོན་ནུའི་ཚུལ་འཛིན་པའི་རྗེ་བཙུན་བརྟན་པའི་འཁོར་ལོ་དེ་ཉིད་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཤིང་། ངོ་བོ་རྒྱལ་བ་ཀུན་གྱི་མཁྱེན་རབ་གཅིག་ཏུ་འདུས་པའི་རང་གཟུགས་སུ་གྱུར་ཀྱང་། རྣམ་པ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས། འཇིག་རྟེན་གྱི་ཁམས་གྲངས་མེད་པར་སངས་རྒྱས་གྲངས་མེད་པའི་དྲུང་དུ་སེམས་ཅན་གྱི་དོན་མཛད་པ་ཡིན་པས། སངས་རྒྱས་རྣམས་ཀྱི་དྲུང་ན་མི་བཞུགས་པའི་དུས་མེད་ལ། ཁྱད་པར་རང་གི་ཐུགས་བསྐྱེད་དང་མཐུན་པར་དག་མ་དག་གི་ཞིང་ཁམས་རྣམས་སུ་རིམ་དང་ཅིག་ཅར་གྱི་མཛད་པ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པར་བསྟན་པ་ལས། བྱང་ཕྱོགས་གངས་རིའི་ལྗོངས་འདིར་ཡང་མཁས་གྲུབ་ཆེན་པོ་མཚུངས་མེད་བསོད་ནམས་རྒྱ་མཚོའི་སྤྲུལ་གཞི་ནི་རྗེ་བཙུན་འཇམ་དབྱངས་ཡིན་པར། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་ཀྱིས་གཏན་ཚིགས་བཅས་ལུང་བསྟན་པ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའོ།། གཉིས་པ་སྤྲུལ་པས་བསྟན་པ་སྤེལ་ཚུལ་ལའང་གཉིས། སྔོན་གྱི་འཁྲུངས་རབས་དགུ་མདོར་བསྟན་པ་དང་། ད་ལྟའི་སྐུ་རབས་དགུའི་རྣམ་ཐར་རྒྱས་པར་བསྟན་པའོ། །དང་པོ་ནི། རྗེ་བཙུན་འཇམ་དབྱངས་མན་གྱི་འཁྲུངས་རབས་དགུ་པོ་རྣམས་རྗེ་བསོད་ནམས་རྒྱ་མཚོ་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱིས་སྐྱེས་རབས་གསོལ་འདེབས་ཕུན་ཚོགས་བཀྲ་ཤིས་མར་གྲགས་པ་མཛད་པའི་ནང་གསལ་བ་ལྟར་རིམ་བཞིན་འགོད་པ་ལ། དེ་ཡང་།
ཡིད་སྐྱོབ་སྔགས་ནུས་བདེན་པས་རྫུ་འཕྲུལ་ཐོབ། །
ལྷ་སྲིན་དབང་སྡུད་ཆོས་རྒྱལ་འདོད་པ་བསྐངས། །
ལོངས་སྤྲུལ་ཞལ་གཟིགས་དབང་བཞི་དུས་གཅིག་བསྐུར། །
ཏིང་འཛིན་བཟང་པོར་གྲགས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་དང་པོ་མྱང་བན་ཏིང་འཛིན་བཟང་པོ་ནི། གླིང་བཞི་དུས་གཅིག་ཏུ་གཟིགས་པའི་ཤའི་མིག་ཅན། གསང་སྔགས་སྨིན་གྲོལ་གྱི་གདམས་པའི་བདུད་རྩིས་གྲུབ་གཉིས་ཀྱི་ལང་ཚོ་བརྟས་ཤིང་། ཁྱད་པར་བི་མ་ལ་མི་ཏྲའི་ཞལ་སྐྱིན་རྫོགས་པ་ཆེན་པོའི་མན་ངག་གི་དགོངས་དོན་མངོན་དུ་གྱུར་པས་དྭངས་མའི་འཇའ་ལུས་གྲུབ་པ་ཞིག་ཡིན་ཏེ། དགུང་ལོ་བརྒྱ་དང་ཉེར་ལྔའི་ཐོག་འོད་ཕུང་གི་རྣམ་པར་གྱུར་ནས་ཡལ་བས་འགྲོ་བ་སྤྱི་མཐུན་གྱི་མཐོང་བར་མི་ནུས་པར་སོང་ཞིང་། མ་དག་པའི་ལུས་ཅན་ཕལ་མོ་ཆེས་ནི་གླང་དར་གྱི་བསྟན་པ་བསྣུབས་དུས་གྲིར་བཀུམས་ནས་འདས་པར་མཐོང་བ་སོགས་བྱུང་འདུག་ཀྱང་། དོན་དུ་སྐུ་མ་སྤངས་པར་མྱང་སྟོད་སེ་བྲག་གཡའ་ལུང་གི་རི་ལ་མངོན་སུམ་བཞུགས་པར་གྲགས་པ་ལྟར། ཀུན་མཁྱེན་པདྨ་དཀར་པོ་ཕྱོགས་དེར་ཕེབས་སྐབས་ཀྱི་མཚན་ལམ་དུ། དེ་ཉིད་རས་ཀྱི་ཨང་རག་དང་བེར་ཕྱམ་བཞེས་པ་ཞིག་ཏུ་བྱས་ནས། ང་རི་འདི་ལ་རྟག་ཏུ་སྡོད་པའི་སྒོམ་ཆེན་ཞིག་ཡིན། ཁྱེད་སྔོན་གྱི་གྲོགས་ཡིན་པས་འཕྲད་དུ་འོང་བ་ཡིན་ཟེར་ནས་མཇལ་དུ་བྱུང་ཚུལ་རྣམ་ཐར་དུ་གསུངས་འདུག་པས། གནས་དེར་སྐུ་མ་སྤངས་པར་བཞུགས་པར་གྲགས་པ་ནི་དོན་ལ་གནས་པ་ཞིག་གོ། །
འཇམ་མགོན་དྷཱི་ཡིག་ཁ་བ་ཅན་འཕྲོས་པས། །
ཆོས་ཀྱི་རྒྱལ་པོ་བསྟན་པའི་གཞིར་གྱུར་ཅིང་། །
གསང་སྔགས་རྡོ་རྗེ་ཐེག་པའི་སྲོལ་ཆེན་པོས། །
མཁའ་མཉམ་རྡོ་རྗེའི་སར་འགོད་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་གཉིས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི། རྗེ་གཉའ་ཁྲི་བཙད་པོའི་རིགས་རྒྱུད། བོད་འབངས་ཡོངས་ཀྱི་རྗེ་བོ་སྟེ། རྒྱལ་པོ་འདི་མ་བྱོན་གོང་དུ་བོད་དུ་སངས་རྒྱས་ཀྱི་བསྟན་པའི་སྲོལ་དོད་པ་ཙམ་ལས་མེད་པ་ལ། འདི་ཉིད་ཀྱིས་ཟ་ཧོར་ཡུལ་གྱི་མཁན་པོ་བོ་དྷི་ས་ཏྭ་དང་། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་གཉིས་ཀྱིས་དབུ་བྱས་པའི་རྒྱ་གར་གྱི་པཎྜི་དུ་མ་སྤྱན་དྲངས་ཏེ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་བཞེངས་ཤིང་། བོ་དྷི་ས་ཏྭ་ལས། སྦ་ཡེ་ཤེས་དབང་པོ། པ་གོར་བཻ་རོ་ཙ་ན་སོགས་སད་མི་མི་བདུན་རབ་ཏུ་བྱུང་། དེ་ནས་རབ་བྱུང་གི་སྲོལ་རིམ་པར་དོད་ཅིང་། སྒྲ་བསླབས་པས། སྒྲའི་སློབ་བུ་བརྒྱ་རྩ་བརྒྱད་དང་། ཡང་སློབ་སྟོང་རྩ་བརྒྱད་བྱུང་བ་རྣམས་ཀྱིས་དམ་པའི་ཆོས་བསྒྱུར་ཅིང་གཏན་ལ་ཕབ་སྟེ། ཁམས་ཡན་ཆད་དུ་ཆོས་ཀྱི་གྲྭ་སྡེ་ཆེན་པོ་བཅུ་གཉིས་བཙུགས་ནས་སངས་རྒྱས་ཀྱི་བསྟན་གཞི་ལེགས་པར་བཏིང་བ་ལས་དར་རྒྱས་སུ་གྱུར་པས། རང་ཅག་བོད་རྣམས་ལ་རྒྱལ་པོ་འདི་ཉིད་ལས་བཀའ་དྲིན་ཆེ་བ་མེད་པ་ཉིད་དོ། །གོང་གི་ཏིང་ངེ་འཛིན་བཟང་པོ་དང་ཆོས་རྒྱལ་འདི་གཉིས་མཉམ་པོར་བྱོན་ནས་ཡོན་མཆོད་ཀྱི་ཚུལ་དུ་གྱུར་པ་ཞིག་ཡིན་ཀྱང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྐྱེ་བ་བརྒྱུད་པའི་མཐའ་མ་ཕྱག་ན་རྡོ་རྗེར་སྣང་ཡང་ཉེ་སྲས་བརྒྱད་ཀྱི་ནང་དུ་མཉམ་པོར་ཕེབས་ཤིང་། སྐུ་དང་མཚན་ཐ་དད་དུ་བསྟན་པ་ལྟ་བུར་ཤེས་པར་བྱའོ། །
བོད་ཆེན་ལྗོངས་འཁྲུངས་འཕགས་ཡུལ་རྡོ་རྗེ་གདན། །
གཤེགས་ནས་ཤེས་བྱ་ཀུན་ལ་རབ་ཏུ་སྦྱངས། །
བསིལ་ཚལ་དྲེགས་ཁོལ་ཆོས་སྐྱོང་སྲོག་སྙིང་ཕུལ། །
ཐུབ་པའི་གདན་ལ་མངའ་གསོལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་གསུམ་པ་ཙ་མི་སངས་རྒྱས་གྲགས་པ་ནི། མི་ཉག་ཙ་མིའི་རྒྱུད་དུ་སྐུ་འཁྲུངས་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་ཤེས་བྱའི་གནས་ཀུན་སྦྱངས་ཤིང་། བསིལ་བ་ཚལ་གྱི་དུར་ཁྲོད་དུ་ཐོས་དོན་སྒོམ་པས་གཏན་ལ་ཕབ་སྟེ་བཞུགས་པ་ན། ལྷ་སྲིན་གདུག་པ་ཅན་རྣམས་ཀྱིས་བར་དུ་གཅོད་པར་བརྩམས་པའི་ཚེ། དེ་དག་ཕྱག་རྒྱ་གཉན་པོས་ཟིལ་འོག་ཏུ་མནན་ནས་དམ་ལ་བཏགས་ཤིང་། སྲོག་གི་སྙིང་པོ་བཞེས། ཡང་དག་པའི་ཏིང་ངེ་འཛིན་གྲུབ་ནས་མཁས་པས་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པས། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱིས། རྡོ་རྗེའི་གདན་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཁྲི་ལ་རྒྱལ་ཚབ་ཏུ་མངའ་གསོལ་ཅིང་། རྡོ་རྗེའི་སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟ་ལྟ་བུར་ཡང་ཆོས་ཕར་ཕུལ་བ་སོགས་བོད་མི་རྒྱ་གར་དུ་ཕྱིན་པ་ལ་འདི་ཉིད་ཕྲིན་ལས་ཆེ་བར་གྲགས་སོ། །
པདྨས་ལུང་བསྟན་ཆོས་ཀུན་བདག་པོ་ཆེ། །
སྡུག་བསྔལ་བདེ་ཆེན་ལམ་དུ་གཟུད་མཛད་ཅིང་། །
མ་ངེས་སྤྲུལ་བསྒྱུར་ཅིར་ཡང་འགྱེད་པ་ཅན། །
འོད་དཔག་མེད་མགོན་ཐུགས་བཞུགས་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་བཞི་པ་མངའ་བདག་མྱང་རལ་ཉི་མ་འོད་ཟེར་ནི། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་སྐུའི་སྐྱེ་བ་ཡིན་པས་ན་མངའ་བདག་དང་། རུས་ལས་མྱང་། སྐུའི་མཚན་རྟགས་ལས་རལ་པ་ཅན་ཏེ། དོན་གསུམ་གྱི་མངའ་བདག་མྱང་རལ་ཞེས་གྲགས་པ་དེ་ཉིད་སྔོན་གྱི་སྨོན་ལམ་གྱི་མཐུ་ཡིས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་གཏེར་རྒྱ་མཚོའི་ཐོག་མའི་སྒོ་འབྱེད་པ་པོར་གྱུར་ཏེ། དེས་བཞེས་པའི་གཏེར་ཆོས་རྣམས་ལའང་གཏེར་ཁ་གོང་མ་ཞེས་གྲགས་ཤིང་། ཟབ་གཏེར་ཐམས་ཅད་ཀྱི་ཁྱབ་བྱེད་ལྟ་བུར་གྱུར་ཏོ། །

ངེས་དོན་ཆོས་ཀྱི་མཛོད་བརྒྱ་འཛིན་པའི་ཚེ། །
དཀའ་སྤྱད་སྙིང་སྟོབས་རྒྱལ་ཀུན་བསྔགས་པའི་ལམ། །
ཀུན་གྱི་བློ་མིར་ཤོང་བའི་སྙིང་སྟོབས་ཅན། །
ཀུན་གྱི་མགོན་པོར་བསྔགས་དེར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་ལྔ་པ་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་ནི། འགྲོ་མགོན་གཙང་པ་རྒྱ་རས་ཀྱི་ཐུགས་ཀྱི་སྲས་སུ་གྱུར་ཏེ། རྨད་དུ་བྱུང་བའི་སྙིང་སྟོབས་ཀྱིས་གཞན་གྱིས་བགོ་བར་མི་ནུས་པའི་ཐུགས་དམ་གྱི་གོ་ཆ་བཅུ་གསུམ་བཞེས་ནས། ལ་སྟོད་རྒྱལ་གྱི་ཤྲཱིར་བྱ་རྒྱལ་རྒོད་ཀྱི་གནས་འཆའ་བའི་བྲག་དམར་གྱི་རྩེར་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་པས། མཚན་ཡང་རྒྱལ་བ་རྒོད་ཚང་པ་ཆེན་པོ་ཞེས་གྲགས། དེ་ལ་རང་མཉམ་གྱི་བུ་བཞི་སོགས་བྱུང་བ་ལས་མཆེད་དེ་སྟོད་འབྲུག་གནམ་གྱི་སྐར་མ་ལྟ་བུ་ཞེས་གྲངས་ལས་འདས་པ་རྣམས་ཀྱི་ཤིང་རྟའི་སྲོལ་འབྱེད་དམ་པར་གྱུར་ཏོ། །
མདོ་རྒྱུད་མ་ལུས་སྦྱངས་པ་ཕུལ་ཕྱིན་ནས། །
ལུང་དང་རིགས་པའི་སྦྱོར་བ་རྨད་བྱུང་བས། །
བོད་ཡུལ་རྨོངས་སེལ་མཁྱེན་པའི་སྲོལ་འབྱེད་པའི། །
རྒྱ་ཆེན་མཁྱེན་པའི་བདག་པོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་དྲུག་པ་ཀུན་མཁྱེན་བུ་སྟོན་རིན་ཆེན་གྲུབ་ནི། ཇི་ལྟ་ཇི་སྙེད་ཀྱིས་བསྡུས་པའི་ཤེས་བྱའི་གནས་རྣམས་ཀུན་ལ་ཕུལ་བྱུང་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས་པས། འཆད་རྩོད་རྩོམ་པའི་འོད་ཟེར་སྟོང་ཕྲག་སྤྲོས་ནས། བོད་ཡུལ་འགྲོ་བའི་རྨོངས་མུན་ཡོངས་སུ་བསལ་ཏེ་བློ་གྲོས་ཀྱི་པད་མོ་རབ་ཏུ་རྒྱས་པར་བྱས་ཤིང་། ཕྱི་ནང་གི་ཤེས་བྱ་མཐའ་དག་དར་རྒྱས་ཀྱི་སྲོལ་བཏོད་པར་མཛད་པས་ན། ཀུན་མཁྱེན་ངག་དབང་ནོར་བུའི་ཆོས་འབྱུང་དུ། དེང་སང་མདོ་རྒྱུད་སྒྲ་རིག་ཀུན་ལ་ལབ་ལབ་བྱས་ཆོག་པ་འདི་ཁོང་གི་བཀའ་དྲིན་ཡིན་གསུངས་ནས་ཆེས་བསྔགས་ཤིང་། བོད་ཀྱི་གྲུབ་མཐའ་ཕལ་མོ་ཆེས་ཀྱང་ཚད་མར་འཛིན་པའི་གནས་སུ་གྱུར་ཏོ།

།མཆོད་འོས་ཆེར་རློམ་དྲེགས་ལྡན་རལ་པ་ལ། །
ཞབས་སེན་བཀོད་ཚེ་བཟོད་མེད་སྙིང་རྗེའི་དབང་། །
མ་སྦྱངས་ཕྱི་ནང་ཡོན་ཏན་ཡུད་ཀྱིས་རྫོགས། །
གྲུབ་ཐོབ་ཆེན་པོ་གྲགས་དེར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་བདུན་པ་མཉམ་མེད་མཁྱེན་བརྩེ་རྟོགས་ལྡན་ནམ་དམ་པ་སྔོ་ཉལ་མ་ནི། ཐོག་མར་ཇོ་ནང་ཕྱོགས་རྒྱལ་བའི་སློབ་མ༑ དུས་འཁོར་ལ་མཁས་ཤིང་ཉམས་མཐར་ཕྱིན་པ་ཞིག་ཡིན། དེ་ནས་དཔལ་ལྡན་འབྲུག་པའི་དབོན་རྒྱུད་ལ་སེངྒེའི་མཚན་ཅན་དགུ་བྱོན་པའི་ནང་ཚན་བརྒྱད་པ་བློ་གྲོས་སེངྒེའི་ཞབས་ལ་གཏུགས་པས། རྟོགས་པའི་ཡེ་ཤེས་འཁྲུངས། གདམས་པའི་མཐུ་ཡིས་དྭངས་མའི་འཇའ་ལུས་གྲུབ་ནས་སྐུ་མ་སྤངས་པར། ཧ་བོའི་གངས་ལ་གནོད་སྦྱིན་གྱི་དབང་པོ་གང་བ་བཟང་པོའི་མཆོད་གནས་སུ་བཞུགས་པའོ། །འདི་དང་གོང་གི་ཏིང་ངེ་འཛིན་བཟང་པོ་གཉིས་ཀ་སྐུ་མ་སྤངས་པར་མི་ཡུལ་གྱི་རི་ལ་བཞུགས་པ་དང་བུ་སྟོན་དང་དུས་ཐོག་མཉམ་པར་སྣང་བས། སྐུའི་སྐྱེ་བ་རིམ་ཅན་དུ་བཞེས་པར་བརྗོད་པ་འདི་དག་མི་འགལ་ལམ་ཞེ་ན། ལུས་དོར་ཀྱིན་སྐྱེ་བ་ལེན་དགོས་པ་དེ་ནི་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་སོ་སོ་སྐྱེ་བོ་རྣམས་ལ་ཡིན་གྱི། འཕགས་ཆེན་རྣམས་ཀྱིས་སྤྲུལ་པའི་སྐྱེ་བ་བཞེས་པར་སྟོན་པ་ལ་ནི་དེ་ལྟ་བུའི་ངེས་པ་མི་དགོས་ཏེ། དཔེར་ན། ཟླ་བ་མཁའ་ལས་མ་འཕོས་བཞིན་དུ་ཆུ་ཀླུང་ཀུན་ཏུ་ཟླ་བརྙན་སྣང་བར་ནུས་པ་བཞིན་ནོ། །
རིག་པའི་གནས་ལྔ་སྙེམས་པའི་གདོང་ལྔ་པ། །
ལྷག་པར་སྒྲ་དང་སྙན་ངག་གཡུ་རལ་ཅན། །
འཆད་རྩོད་ཕས་རྒོལ་ཚར་གཅོད་མཆེ་སྡེར་ཅན། །
སྐད་གཉིས་སྨྲ་བའི་དབང་པོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་བརྒྱད་པ་ལོ་ཆེན་ཆོས་སྐྱོང་བཟང་པོ་ནི། རིག་པའི་གནས་ལྔ་སྤྱི་དང་། བྱེ་བྲག་སྒྲ་རིག་པ་ལ་མཁས་པའི་རྩེ་མོར་སོན་པས། ཐམས་ཅད་མཁྱེན་པ་ཞྭ་ལུ་ལོ་ཆེན་ཞེས་ཕྱིས་བྱོན་གྱི་སྐད་གཉིས་སྨྲ་བ་རྣམས་ཀྱི་ནང་ན་ཁོར་ཡུག་རི་བོའི་དབུས་སུ་ལྷུན་པོའི་དབང་པོ་ལྟར་འཕགས་པར་གྱུར་པ་ཞིག་གོ། །
བཅོམ་ལྡན་རྣམ་པར་འཇོམས་པས་རྗེས་སུ་བཟུང་། །
མཐུ་སྟོབས་གསང་བའི་བདག་པོ་གཉིས་པར་གྲགས། །
སྡེ་སྣོད་འཛིན་པ་ཀུན་གྱི་རལ་པར་བརྗིད། །
སྔགས་འཆང་ཀུན་གྱི་དབང་པོར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། འཁྲུངས་རབས་དགུ་པ་སྔགས་འཆང་ཀུན་དགའ་སྙིང་པོ་ནི། འཁྲུངས་ཡུལ་ཡར་སྟོད་ཤར། གཡའ་བཟང་ཁྲི་དཔོན་གྱི་སྐུ་ཚ་ཡིན། དགུང་ལོ་བརྒྱད་ནས་ཀུན་མཁྱེན་པདྨ་དཀར་པོའི་ཞབས་པད་བསྟེན། དཀར་བརྒྱུད་ཀྱི་གདམས་པ་མཐའ་དག་དང་། ཁྱད་པར་བཀའ་འབུམ་རིན་པོ་ཆེའི་དབང་ལུང་གི་རྒྱུན་ཡོངས་སུ་རྫོགས་པ་གསན། སྐུ་སྲུང་པ་ཆེན་པོ་ཚེ་བདག་བཀྲ་ཤིས་ལས། ཀུན་མཁྱེན་རྒྱལ་བའི་དབང་པོ་ཉིད་དང་ལྷན་དུ་སྒྲུབ་ཕྲིན་ཕྱག་ལེན་དང་བཅས་པ་དཔྱིས་ཕྱིན་པ་དང་། རྗེ་བཙུན་མཐུ་ཆེན་དཔའ་བོ་ལའང་གཏུགས་ཏེ། བསྟན་སྲུང་ཆོས་སྐྱོང་གི་སྐོར་མ་ལུས་པ་ནོད། བཀའ་བབ་ཏུ་མངའ་གསོལ། བསྙེན་སྒྲུབ་མཐར་ཕྱིན། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པས་རྗེས་སུ་བཟུང་བས། མཐུ་སྟོབས་གསང་བདག་ཉིད་དང་མཉམ་པར་གྲགས། དྲག་སྔགས་ཀྱི་བདག་པོར་གྱུར་ཏེ། རྗེ་མཐུ་ཆེན་གཉིས་ཀྱི་གདན་ས་བཟུང་། སྔགས་འཆང་སྐུ་རིམ་པ་ཀུན་གྱི་ཏོག་ཏུ་ཐོན། ལྷོ་རྒྱུད་ཀྱི་སྔགས་གྲྭའི་སློབ་དཔོན་དུ་བསྐོས་པས། སྔགས་གྲྭ་རྒྱུན་རིང་བསྐྱངས། སློབ་མ་གཞན་གྱིས་བླ་མར་འོས་པ་མང་དུ་བྱུང་། དེ་ནས་གནས་ཆེན་ཙ་རི་ཏྲའི་རྡོ་རྗེ་འཛིན་པ་ཆེན་པོའི་གདན་སེང་གེའི་ཁྲིར་ཕེབས། སྒྲུབ་སྡེ་པདྨ་དཀར་པོ་སོགས་བསྐྱངས། ལྷོ་ཕྱོགས་ཆོས་ཀྱི་རྒྱལ་པོ་བྱ་པ་གོང་མ་སྐུ་མཆེད་སྲས་བཙུན་མོ་དང་བཅས་པའི་བླ་མར་གྱུར། རྗེ་ལྷ་རྩེ་བ་ངག་དབང་བཟང་པོ་སོགས་སྒར་པའི་གཞོན་རིམ་ཕལ་གྱིས་ཞབས་ལ་གཏུགས། སྐུ་ཚེ་སྨད་དུ་ཕོ་ཐོག་དགོན་གསར་དུ་བཞུགས་ནས་ཕྲིན་ལས་བསྐྱངས་པས་འགྲོ་ཕན་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ།།
དེ་ལྟར་ཡོངས་གྲགས་སུ་འཁྲུངས་རབས་དགུ་ཙམ་གསལ་བ་ལས། གཞན་མ་གཅིག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རིགས་ཀྱི་སྲས་སུ་འཁྲུངས་ཤིང་། དམ་ཆོས་མཐར་ཐུག་གཅོད་ཡུལ་ཕྱག་རྒྱ་ཆེན་པོའི་བསྟན་པའི་སྒྲོན་མེ་ཐོད་སྨྱོན་བསམ་གྲུབ་དང་། ཨོ་རྒྱན་རྡོ་རྗེ་འཆང་དངོས་རིག་འཛིན་མཁར་དྲུང་བ་ཆེན་པོ་བསོད་ནམས་བཀྲ་ཤིས་སོགས་གྲུབ་པའི་རིག་འཛིན་དུ་མར་སྐུ་ཡི་རོལ་གར་བསྟན་པའི་ཚུལ་མཐའ་ཡས་སོ། །དེ་ཡང་འཁྲུངས་རབས་དེ་དག་གི་ནང་ནས། དོན་བརྒྱུད་དཔལ་ལྡན་འབྲུག་པའི་རིང་ལུགས་འདིའི་དབང་དུ་བཏང་ན། རྒྱལ་དབང་འབྲུག་པའི་སྐུ་ཕྲེང་དང་པོ་ཆོས་རྗེ་གཙང་པ་རྒྱ་རས་ནས་བགྲངས་པ་ལྟར། འཛི་སྒར་སྐུ་ཕྲེང་དང་པོ་རྒྱལ་བ་རྒོད་ཚང་པ་ནས་བགྲངས་ནའང་ཆོག་སྟེ། འདི་གཉིས་རྒྱུ་མཚན་སྒོ་ཀུན་ནས་མཚུངས་པ་ཞིག་ཡིན་ནོ། །