༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༢)

ཆོས་ཀུན་མོས་གུས་མཐུས་འཛིན་རྒྱལ་ཀུན་གྱིས། །
བསྔགས་འོས་ཕྱི་ནང་ཡོན་ཏན་ངེས་ཐོབ་པས། །
སྣང་སྲིད་བླ་མའི་དཀྱིལ་འཁོར་སད་བྱས་པ། །
རྗེ་བཙུན་བླ་མ་མཆོག་དེར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། རྗེ་བསོད་ནམས་རྒྱ་མཚོའི་རིགས་བདག་མཁས་གྲུབ་བླ་མ་རྣམ་གཉིས་ལས། གྲུབ་པའི་དབང་ཕྱུག །རྟོགས་པའི་མངའ་བདག །རྒྱལ་བ་མདོ་ཁམས་པ་ཀརྨ་བསྟན་འཕེལ་ནི། ཁམས་རི་བོ་ཆེར་འཁྲུངས་ཤིང་། རི་བོ་ཆེའི་དགོན་དུ་ཞུགས་ཏེ། སྟག་ལུང་མར་ཐང་ལུགས་ཀྱི་འདོན་མཆོད་བརྗོད་སོགས་དཔྱིས་ཕྱིན་བསླབས། ཕྱིས་དབུས་སུ་བྱོན། ཀུན་མཁྱེན་པདྨ་དཀར་པོའི་བརྒྱུད་འཛིན་སློབ་མའི་ཐུ་བོ་མཉམ་མེད་ལྷ་རྩེ་བ་ངག་དབང་བཟང་པོ་ལ་བསྟེན་ཏེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་བརྙེས། སྟོད་སྨད་ཀྱི་དབེན་གནས་རྣམས་དང་། ཁྱད་པར་འབའ་ཌཱ་ཀི་གསང་ཕུག་ཏུ་ཟླ་བ་དགུར་སྐྱིལ་ཀྲུང་མ་བཤིག་པར་མཉམ་པར་བཞག་པས། རྟོགས་པ་སྒོམ་མེད་དུ་ན་འཕོས། སྐུ་ཚེའི་སྨད་མི་ཤིགས་རྡོ་རྗེའི་རྫོང་སོགས་སུ་བཞུགས་ཏེ་སྒྲུབ་པ་དང་འགྲོ་དོན་སྤེལ་མར་གནང་། སློབ་མ་ཡང་དབོན་པོ་དཀོན་མཆོག་རིན་ཆེན། ཕྲིན་ལས་ལྷུན་གྲུབ། འཁྲུལ་ཞིག་ཕྲིན་ལས་རིན་ཆེན། འབའ་སངས་རྒྱས་རིན་ཆེན་སོགས་མང་དུ་བྱུང་སྣང་བའི་ནང་ནས་འགྲན་ཟླས་དབེན་པ་ནི་མཚུངས་མེད་བསོད་ནམས་རྒྱ་མཚོ་ཡིན་པར་གསུངས་སོ། །དེ་ལྟར་མདོ་ཁམས་པ་ཆེན་པོ་གྲུབ་དབང་ཀརྨ་བསྟན་འཕེལ་གྱིས་གཙོ་བོར་ཕྱག་རྒྱ་ཆེན་པོ་དང་འབྱུང་བ་རོ་སྙོམས་སོགས་གདམས་ངག་རྣམས་སྨར་ཁྲིད་དུ་གནང་ཞིང་། རྗེ་མཁས་གྲུབ་ཆེན་པོ་བསོད་ནམས་རྒྱ་མཚོས་གཙོ་བོར་བསྲེ་འཕོ་སོགས་རྒྱུད་བཤད་དང་སྒྲུབ་ཕྲིན་བཅས་པ་རྒྱ་ཆེར་སྤེལ་བ་ལས། མདོ་ཁམས་ཕྱོགས་འདིར་ཡབ་སྲས་འདི་གཉིས་ཀྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་སྙིང་པོ་དོན་གྱི་རིང་ལུགས་དཔལ་ལྡན་འབྲུག་པ་དཀར་བརྒྱུད་ཀྱི་བཤད་སྒྲུབ་ཕྱག་བཞེས་དང་བཅས་པའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་འདི་བྱུང་བ་ཡིན་ཏེ། དེ་ཡང་རྗེ་ལྷ་རྩེ་བ་ལ་མཁས་གྲུབ་ཀྱི་སློབ་མ་དཔག་ཏུ་མེད་པ་བྱུང་བའི་ནང་ནས། རྗེ་བཙུན་སྟག་ཚང་རས་པས་སྟོད་དུ་ཕྲིན་ལས་བསྐྱངས་པས། མངའ་རིས་སྐོར་གསུམ་སོགས་སུ་འབྲུག་བསྟན་རྒྱས་པར་གྱུར། གྲུབ་ཆེན་ཀརྨ་བསྟན་འཕེལ་གྱིས་སྨད་དུ་ཕྲིན་ལས་བསྐྱངས་པས། མདོ་ཁམས་སྒང་དྲུག་ཏུ་འབྲུག་བསྟན་དར་རྒྱས་བྱུང་། བུ་ཆེན་གཞན་གྱིས་བར་དབུས་གཙང་དུ་ཕྲིན་ལས་བསྐྱངས་པས། རུ་བཞི་དང་། བྱར་དྭགས་ཀོང་གསུམ་སོགས་སུ་འབྲུག་པའི་བསྟན་པ་ཆེར་རྒྱས་པར་གྱུར་ཅེས་སྔོན་གྱི་ལོ་རྒྱུས་རྙིང་པར་སྣང་བས། ཚད་མར་གཟུང་འོས་པའི་བྱུང་རབས་ཡིན་ནོ། །
སྔོན་སྦྱངས་ཚོགས་ཀྱི་ལང་ཚོ་ནར་སྨིན་པས། །
དོན་གཉིས་རིན་ཆེན་ཡ་འབྲེལ་རྒྱས་པ་ཆེ། །
བསྟན་འགྲོའི་ཕན་བདེ་འདོད་དགུ་སྤེལ་བའི་དཔྱིད། །
དཔལ་ལྡན་དྲིན་ཆེན་མགོན་དེར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། རྗེ་བསོད་ནམས་རྒྱ་མཚོའི་རིགས་བདག་མཁས་གྲུབ་བླ་མ་རྣམ་གཉིས་ལས། མཁས་པའི་ཁྱུ་མཆོག །འཇམ་དབྱངས་སྙིང་ཞུགས་ལོ་ཆེན་སངས་རྒྱས་དཔལ་བཟང་ནི། ཀུན་མཁྱེན་པད་དཀར་ཞབས་ཀྱིས་ཕྱག་བཏབ་པའི་ཆོས་གྲྭ་ཆེན་པོ་གཙང་རྒྱལ་བྱེད་ཚལ་ནས་སྦྱངས་པ་མཐར་ཕྱིན་ཅིང་། སྒྲ་ཀ་ཙན་སོགས་རིག་གནས་ལ་ཤིན་ཏུ་མཁས་པས་ལོ་ཙཱའི་མཚན་ཐོགས། ཀུན་མཁྱེན་ཆེན་པོ་ཉིད་ལས་མཁའ་འགྲོ་སྙན་རྒྱུད་ཀྱི་དབང་ཁྲིད་བཤད་པ་སོགས་ཟབ་རྒྱས་ཀྱི་གདམས་པ་མཐའ་དག་གསན། ཕྱིས་ཁམས་ལྷོ་སྟོད་ལྕང་ར་དཔལ་འབར་དུ་བཞུགས་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་ལས། མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་བའི་ནང་ནས། སྤྱན་གཡས་གཡོན་ལྟ་བུ་ཀུན་སྙིང་དང་། ཤཱཀྱ་བློ་གསལ་གཉིས། དཔྲལ་བའི་སྤྱན་གཅིག་ལྟ་བུ་རྗེ་བསོད་ནམས་རྒྱ་མཚོ་སྟེ། དམ་པ་འདི་ཉིད་རྗེ་ལོ་ཙཱ་བ་ཆེན་པོའི་ཞབས་དྲུང་དུ་ལོ་མང་པོར་འབྲལ་མེད་དུ་བཞུགས་ནས། སྒྲ་ཀ་ཙན་ནས་བཟུང་ཐུན་མོང་གི་རིག་གནས་ཀུན་དང་། ཐུན་མོང་མ་ཡིན་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་དུ་མ། ཁྱད་པར་རྒྱུད་སྡེ་ཀུན་གྱི་རྫོགས་རིམ་མཐར་ཐུག་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རྒྱས་པ་འབུམ་ནག་ལུགས་དང་། སྙན་རྒྱུད་ནོར་བུ་སྐོར་གསུམ་སོགས་ཁྲིད་ཆེན་ཕལ་མོ་ཆེ་གསན་ཞིང་། ཞར་དུ་ཀུན་མཁྱེན་པདྨ་དཀར་པོའི་བཞེད་གཞུང་ལས་བྱུང་བའི་དཀྱིལ་ཆོག་ཉི་ཤུ་རྩ་གཅིག་སོགས་ཀྱི་ཕྱག་ལེན་དབྱངས་རོལ་རྣམས་མཐོང་བརྒྱུད་མ་ཉམས་པ་ཞལ་ཤེས་དང་བཅས་པ་བསླབས་ཤིང་། རིམ་བཞིན་བྲག་གཡབ་ཚོགས་བརྒྱའི་དགོན་པ་བཏབ་ནས་འདུས་སྡེ་དེ་ཉིད་དང་ཡུལ་ཕྱོགས་དུ་མར་བསྲེ་འཕོ་སོགས་ཀྱི་རྒྱུད་བཤད་དང་ཕྱག་ལེན་གྱི་རྒྱུན་སྤེལ་བས། ཕྲིན་ལས་ཤིན་ཏུ་རྒྱས་པ་བྱུང་ཞིང་། དེ་ཕྱིན་ཁམས་ཕྱོགས་སུ་འབྲུག་ལུགས་ཀྱི་ཆོ་གའི་ཕྱག་སྲོལ་གཙང་མ་དར་རྒྱས་སུ་བྱུང་བ་འདིའང་ཁོང་གི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །དེ་ཡང་བྲག་གཡབ་ཚོགས་བརྒྱའི་དགོན་འདི་ཉིད་ནི། རྗེ་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་གྱི་དངོས་སློབ་དབོན་དགེ་རིན་པས་མཛད་པའི་ཕྱག་ཆེན་བརྒྱུད་པའི་ལོ་རྒྱུས་སུ། རྗེ་བསོད་ནམས་རྒྱ་མཚོས་གྲུབ་ཆེན་ཀརྨ་བསྟན་འཕེལ་འདས་ནས་ལོ་ངོ་བཅུ་སོང་ཟིན་པའི་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་༼༡༦༤༦༽ལོར་བཏབ་པར་གསུངས་སོ། །