༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༣)

༈ གཉིས་པ་ད་ལྟའི་སྐུ་རབས་དགུའི་རྣམ་ཐར་རྒྱས་པར་བསྟན་པ་ལ་རིམ་བཞིན་དགུ་ལས།
ཟག་མེད་ཡོན་ཏན་ཀུན་གྱི་ཕ་རོལ་ཕྱིན། །
འགྲོ་ལ་ཕན་བདེ་སྟེར་བའི་མགོན་པོ་ནི། །
བསོད་ནམས་རྒྱ་མཚོར་འཁྱིལ་བའི་ནོར་བུ་མཆོག །
ཀུན་གྱིས་སྤྱི་བོར་བརྒྱན་དེར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། ཐོག་མར་རྗེ་འཛི་སྒར་སྐུ་ཕྲེང་དང་པོ་མཁས་གྲུབ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ནི། མདོ་སྟོད་ལྷོ་ཚ་བ་སྒང་དུ། ཡུམ་ཁྲོམ་བཟའ་མེ་ཏོག་མ་ཞེས་པའི་སྲས་སུ། རབ་བྱུང་བཅུ་པའི་ས་སྤྲེལ་༼༡༦༠༨༽ ལོར་འཁྲུངས། སྐུ་ན་ཤིན་ཏུ་ཕྲ་བའི་དུས་ཉིད་ཀྱི་དགོན་པ་ས་གཞི་སྐྱ་བོ་ལ། ལུང་པ་ཁ་ཤར་བསྟན་ཞིག་ཡོད་པ་ཡང་ཡང་ཐུགས་ལ་ཤར་བ་སོགས་སྔོན་གནས་དུ་མ་རྗེས་སུ་དྲན། ཁྱད་པར་རྗེ་རྒོད་ཚང་པའི་སྐྱེ་བར་ཞལ་གྱིས་བཞེས། དེ་ནས་ཐུགས་ངེས་འབྱུང་དྲག་པོས་བསྐུལ་ཏེ། དགུང་ལོ་བཅུ་གསུམ་པར། གྲུབ་པའི་དབང་ཕྱུག་ཀརྨ་བསྟན་འཕེལ་ཟླུམ་པོ་ཐང་ཞེས་བྱ་བར་ཅོག་སྒར་རྒྱུ་སྐར་ལྟ་བུའི་དབུས་སུ་མཇལ་བས། མི་ཕྱེད་པའི་དད་པ་ཐོབ། གཞུང་ཤོད་བྱང་ར་ཞེས་པར་ཐོག་མར་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་གནང་སྟེ། མཚན་བསོད་ནམས་རྒྱ་མཚོར་བཏགས། ཞོགས་རྒྱུགས་རེ་ལ་ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅུ་ཙམ་ཟིན་པས་ཀུན་གྱིས་ཤེས་རབ་ཅན་དུ་རྩི། རིམ་བཞིན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས་དབང་ཆོས་ཐམས་ཅད་བུམ་པ་གང་བྱོལ་གནང་བས། ཉམས་རྟོགས་ཁྱད་པར་ཅན་འཁྲུངས། དགུང་ལོ་བཅུ་དགུ་ཙམ་ལ་ཇི་སྙེད་པའི་ཤེས་བྱའི་གནས་ལ་སྦྱང་ཕྱིར། ལྷོ་སྟོད་ལྕང་ར་དཔལ་འབར་དུ་ཀུན་མཁྱེན་གྱི་དངོས་སློབ་རྗེ་ལོ་ཙཱ་བ་ཆེན་པོ་སངས་རྒྱས་དཔལ་བཟང་གི་ཞལ་སྔར་བྱོན་པ་ན། ལོ་ཙཱ་བ་དེ་ཉིད་ཀྱིས། མདང་རྨི་ལམ་ལྟར་ན། དེ་རིང་ང་ལ་ཀུན་མཁྱེན་གྱི་སློབ་མ་ལས་འཕྲོ་ཅན་ཞིག་འཕྲད་དུ་ངེས་པར་འོང་གསུངས་པ་ལྟར་སྤྱན་སྔར་སླེབས། རྗེ་དེའི་དྲུང་དུ་དགུང་ལོ་ཉི་ཤུ་པ་མེ་ཡོས་ལོར། དགེ་ཚུལ་དང་བཅས་པའི་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ཤ་ཆང་ལྟ་ཅི་རགས་པའི་ཟས་ཆེར་མི་གསོལ་ཡང་ཟོ་མདོག་ལྷག་པར་བཟང་ཞིང་། སྐུ་བཙུན་པའི་དཔེར་འོས། དེར་སྒྲ་ཀ་ཙན་ནས་བཟུང་ཐུན་མོང་གི་རིག་གནས་ཀུན་དང་། ཐུན་མོང་མ་ཡིན་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དགོངས་འགྲེལ་དུ་མ། ཁྱད་པར་ཇོ་བོ་ནཱ་རོ་པའི་ཁྱད་ཆོས་བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་རྒྱས་པ་འབུམ་ནག་ལུགས་དང་། སྙན་རྒྱུད་ནོར་བུ་སྐོར་གསུམ་སོགས་ཁྲིད་ཆེན་ཕལ་མོ་ཆེ། དབང་སྒྲུབ་སྐོར་བཅས་གསན་ཅིང་། དོགས་གཅོད་ཀྱི་སྒོ་ནས་གཏན་ལ་ཕབ། རྒྱུད་རྒྱ་འགྲེལ་སོགས་པུ་ཏི་བཅུ་བདུན་གྱི་རྒྱུགས་ཕུལ། ཀུན་མཁྱེན་པདྨ་དཀར་པོའི་བཞེད་གཞུང་ལས་བྱུང་བའི་དཀྱིལ་ཆོག་ཉི་ཤུ་རྩ་གཅིག་སོགས་ཀྱི་ཕྱག་ལེན་དབྱངས་རོལ་རྣམས་མཐོང་བརྒྱུད་མ་ཉམས་པ་ཞལ་ཤེས་དང་བཅས་པ་བསླབས་ཏེ། མདོ་རྒྱུད་རིག་གནས་ཀུན་ལ་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་པས། མགུར་ལས། ཕྱི་ལུང་རིགས་ཀྱི་ཉི་འོད་བཀྲ་བ་འདི། །རྗེ་སངས་རྒྱས་དཔལ་བཟང་བཀའ་དྲིན་ཡིན། །ནང་རིག་པའི་རྩལ་ཁ་རྫོགས་པ་འདི། །མགོན་གྲུབ་པའི་དབང་པོའི་བཀའ་དྲིན་ཡིན། །ཞེས་གསུང་། ལོ་ཆེན་ཞིང་བརྗེས་ནས་སླར་རྗེ་ཀརྨ་བསྟན་འཕེལ་གྱི་དྲུང་དུ་བྱོན། བཀའ་ལས། ཁྱོད་ཀྱིས་ཐ་སྙད་ཚིག་གི་བསླབ་སྦྱང་ལ་ཡེངས་ནས་དགེ་སྦྱོར་བསྐྱུར་འདུག་ན། འོ་སྐོལ་གཉིས་ཁ་མཆུ་ལ་འགྲིག་ཐབས་མེད་པ་ཡོང་། གཞན་རྟེན་འབྲེལ་འགྲིགས་བྱུང་གསུངས་པར། རྟོགས་འབུལ་མཛད་པས། འོ་གཞོན་ནུ་ཤ་སྙིང་ཁྲག་རྒྱས་ཀྱི་སྒང་ལ་ཅོལ་ཆུང་མ་བྱས་པར་དགེ་སྦྱོར་ལ་འཕེལ་བསྐྱེད་བྱུང་འདུག་གསུང་ནས་ཤིན་ཏུ་མཉེས། སྐབས་ཤིག་རྗེ་ཉིད་ཀྱི་རྒྱུན་བཞེས་ཀྱི་དབུ་ཞྭ་ན་བཟའ་རྣམས་གསོལ་ནས། ཁོ་བོར་དབང་བའི་ཆོས་ཐམས་ཅད་ཀྱི་བདག་པོ་ཁྱོད་ཡིན་ནོ་གསུངས་ནས་གཟེངས་བསྟོད་མཛད། བྱམས་འདུན་དགོན་གསར་གྱི་གྲྭ་བརྒྱ་དང་ཉེར་ལྔའི་སློབ་དཔོན་དུ་བསྐོས། དེར་ལོ་གསུམ་ཙམ་བཞུགས། དེ་ནས་རིང་མིན་ནས་བེ་རི་རྒྱལ་པོ་བདུད་དབང་དུ་གྱུར་ནས་བསྟན་པར་འཚེ་གནོད་ཆེ་གཤིས། རེ་ཞིག་སྟོད་ཕྱོགས་སུ་བྱོན་གསུངས་པ་ལྟར་ལྷོ་སྟོད་ཕྱོགས་སུ་ཕེབས་ནས། དེར་ལོ་མང་ལ་སྒྲུབ་པ་གཙོར་འདོན་མཛད་ཅིང་བཞུགས། རྨི་ལམ་དུ་བླ་མ་གཤེགས་པ་གཟིགས་པས། ཐུགས་ཡུས་ཀྱིས་བརྒྱལ་བ་ཙམ་བྱུང་། དེ་ནས་ཀུ་ཕུའི་རི་ཁྲོད་དུ་ཟླ་བ་བརྒྱད་ཙམ་བླ་མ་སྒྲུབ་པ་མཛད་པས། ཉིན་མཚན་མེད་པར་བླ་མའི་སྣང་བ་ལས་མ་གཡོས་ཤིང་། གཉིད་འཐུག་ཕལ་ཆེར་འོད་གསལ་མ་བུ་འདྲེས་པ་བྱུང་། སླར་མཆེད་གྲོགས་རྣམས་ཀྱིས་གདན་སའི་སྐྱིད་སྡུག་གཟིགས་པ་ལ་འབྱོན་དགོས་ཚུལ་ཞུས་པ་ལྟར་ཕེབས། དེར་ཞབས་ཏོག་རྒྱ་ཆེར་གནང་ཞིང་།