༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།། (༤)

དགུང་ལོ་སོ་དགུ་པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་༼༡༦༤༦༽ལོར་ཚོགས་བརྒྱའི་དགོན་བཏབ་ནས་དགེ་འདུན་བསྡུས་པས། གཉུག་མར་གནས་པའི་ཚོགས་གྲྭ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པར་གྲགས། དེའི་རྟེན་འབྲེལ་གྱིས་འཛི་སྒར་སྐུ་རབས་མང་ཆེ་བར་ཆ་སྙོམས་གྲྭ་བརྒྱད་དང་བརྒྱད་ཅུ་ཞེས་གྲགས་པ་འདི་བྱུང་། རྗེ་གྲུབ་པའི་དབང་ཕྱུག་གི་མཆོག་སྤྲུལ་ཀུན་དགའ་བསྟན་འཕེལ་གྱི་རྩ་འཛིན་གདན་འདྲེན་དང་། ཁྲི་འདོན་དབང་ཆོས་གནང་བ་སོགས་མཛད། སྤྲུལ་སྐུ་དབུས་སུ་སྤྱན་དྲངས་སྐབས། ཡོངས་འཛིན་ཀུན་དགའ་ལྷུན་གྲུབ་གྱི་སྤྱན་སྔར། འཁོར་ལོ་སྡོམ་པ། དུས་ཀྱི་འཁོར་ལོ། རྡོ་རྗེ་གཏུམ་པོ། དཔལ་ནག་པོ་ཆེན་པོའི་དབང་བསྐུར་སོགས་བཀའ་ལུང་དབང་གསུམ་མང་པོ་གསན། ཙནྡྲ་པ་དང་སྙན་ངག་སོགས་ཀྱི་དོགས་གཅོད་དང་། ཁྱད་པར་ཐུགས་དམ་གྱི་དྲི་འབུལ་གནང་བའི་ཚེ། དགེ་སྦྱོར་ལ་ཉིན་མོར་བསྒོམ་དང་མི་སྒོམ་མེད་ཀྱང་། མཚན་མོར་ཅུང་ཟད་གསལ་སྣང་མི་འབྱུང་འདུག་པས། འདིས་བར་དོ་ཆོད་དམ་མི་ཆོད་ཞུས་པས། ཉིན་པར་ཡེངས་སྒོམ་མེད་ནའང་མཚན་མོར་མི་འབྱུང་བ་ནི། མངལ་གྱི་དྲི་མ་དང་ལུས་འདི་ཡོད་པས་ལན། རྣལ་འབྱོར་པའི་ལུས་རྒྱ་འདི་གྲོལ་བ་ན་སངས་རྒྱས་པར་ལུང་བསྟན། སླར་ཁམས་སུ་ཕེབས་ནས་མཚམས་སྒྲུབ་དང་འགྲོ་དོན་སྤེལ་མར་མཛད། ཞལ་གཟིགས་ལུང་བསྟན་སོགས་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པས་རེ་རེ་ནས་སྨོས་ཀྱིས་མི་ལང་ཡང་། དཔེར་ན། ཨྱེ་རིང་བསྙེན་པའི་དུས། ཆུ་བོ་ཆེན་པོ་ཨྱེ་རིང་སྔགས་སྒྲ་སྒྲོགས་པ་ཞིག་གི་འགྲམ་དུ་རྗེ་གྲུབ་པའི་དབང་ཕྱུག་ཀརྨ་བསྟན་འཕེལ་དེ་ཉིད་སྐུ་གཟི་མདངས་ཤིན་ཏུ་རྒྱས་པ་ཞིག་བཞུགས་འདུག་པར་གསོལ་བ་བཏབ་པའི་མོད་ལ། ཆུ་དང་བླ་མའི་སྐུ་གཉིས་ཀ་ནམ་མཁའ་གང་བའི་འཇམ་དཔལ་ཚེ་བདག་ནག་པོའི་དཀྱིལ་འཁོར་དུ་གྱུར་པ་ལ་ཁྲག་འཐུང་རོལ་པའི་དགའ་སྟོན་གྱི་ཆོག་འགྲོས་ཇི་ལྟ་བའི་སྒོ་ནས་དབང་བསྐུར་རྒྱས་པ་ནོད་པའི་རྨང་ལམ་བྱུང་བ་དེ་ཕྱིན་ནས། དབྱིངས་རིག་མ་བུ་གཅིག་ཏུ་འདྲེས་ཏེ་ཕལ་ཆེར་སྣང་མེད་འོད་གསལ་འབའ་ཞིག་ལ་འབྱམས་པར་གྱུར་པ་ལྟ་བུའོ། །བསྙེན་སྒྲུབ་ཚད་དུ་བསྐྱལ་བའི་དབང་གིས་མཐུ་ནུས་ཤིན་ཏུ་ཆེ་བས། ཆོས་སྐྱོང་བྲན་དུ་འཁོལ་ཞིང་། རྒྱལ་འགོང་གདུག་པ་ཅན་བཏུལ་བ་གྲངས་ཀྱི་མི་ཆོད། སྔོན་རྗེས་ཅི་རིགས་སུ་རྒྱ་སྟོན་བསོད་ནམས་རིན་ཆེན། མགར་སྤྲུལ་སྐུ་བསྟན་འཛིན། སྒམ་པོ་བ་བཟང་པོ་རྡོ་རྗེ། སྟག་ལུང་བཀྲ་ཤིས་དཔལ་གྲུབ། ནང་སོ་དཀོན་མཆོག་རྒྱལ་པོ། རིག་འཛིན་འཇའ་ཚོན་སྙིང་པོ་སོགས་མཇལ་ཞིང་ཆོས་འབྲེལ་གསན། བླ་མ་ཐམས་ཅད་ལ་དག་པའི་སྣང་བ་ཐོབ། མདོ་ཁམས་ཀྱི་ཡུལ་ཕྱོགས་དུ་མར་ཞབས་ཀྱིས་བཅགས་ཤིང་། དབང་ལུང་ཁྲིད་གསུམ་གྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས། འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་ལ་བཀོད། གར་ཕེབས་སུ་རི་རྒྱ་ཀླུང་རྒྱ་སྡོམ་པ། སྒོ་བཤས་སྤོང་བར་བསྐུལ་བ༑ ཁྱད་པར་ཁམས་འདིར་བླ་མ་དང་དགེ་འདུན་ཆེད་དུད་འགྲོ་མང་པོ་གསོད་ནས་མཆོད་པའི་སྲོལ་ངན་མུ་སྟེགས་བྱེད་ཀྱི་ལུགས་དང་འདྲེས་པ་རྣམས་ནན་གྱིས་བཀག་པ་སོགས་ཀྱིས་ཡུལ་ཁམས་ཆོས་ལ་བསྒྱུར། རྗེ་འདི་མཁས་དང་གྲུབ་པའི་གོ་འཕང་མཐོན་པོར་ཕེབས་པས། བསྟན་བཅོས་ཀྱང་ཤིན་ཏུ་མང་པོ་མཛད་ནའང་། ད་ལྟར་བཞུགས་པ་ནི་ལྟ་སྒོམ་སྤྱོད་པ་དང་སྦྱར་བའི་རང་རྣམ་ཚིགས་སུ་བཅད་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་འཇུག་ངོགས། གུ་ཕུ་མ་ཎི་བྱམས་པ་རྒྱ་མཚོས་ཞུ་བསྐུལ་མཛད་པའི་ཕྱག་ཆེན་རྣལ་འབྱོར་བཞིའི་ངེས་དོན་ཟིལ་དངར་རྒྱས་བྱེད། ཨ་མཁར་སྤྲུལ་སྐུས་ཞུས་པའི་ཕྱག་ཆེན་སྔོན་དངོས་ཀྱི་ཁྲིད་རིམ་དེ་ཁོ་ན་ཉིད་ཀྱི་ཐེམ་སྐས་བཅས་པོད་གཅིག་ཙམ་ཡོད། དགུང་གྲངས་དྲུག་ཅུ་རེ་གཉིས་པ་ས་བྱ་༼༡༦༦༩༽ལོ་གསར་གྱི་ཚེས་ལྔ་ལ་སྐུ་གཤེགས་པའི་ཚུལ་བསྟན་ཏོ། །སྐུ་གདུང་ལ་ལྷ་སྐུ་རིང་བསྲེལ་འཁྲུངས་པ་སོགས་ངོ་མཚར་མང་པོ་བྱུང་།
སློབ་མ་ཡང་། རྒྱ་མཚོ་རྣམ་ལྔའམ་མཚོ་ལྔ་པ་ཞེས་བྱ་བ་ནི། ལོ་རུ་ཤེས་རབ་རྒྱ་མཚོ། དབོན་ཀུན་དགའ་རྒྱ་མཚོ། དགོན་པའི་ངག་དབང་རྒྱ་མཚོ། མ་ཎི་བ་བྱམས་པ་རྒྱ་མཚོ། སེ་ཚའི་སངས་རྒྱས་རྒྱ་མཚོའོ། །ཡང་རྣམ་ཐར་དུ་ལོ་རུ་ཤེས་རབ་རྒྱ་མཚོ་དང་བླ་མ་ཆོས་ལུ་ཟུང་ལ། ལོ་ཆོས་རྣམ་གཉིས་ཞེས་སློབ་མའི་གཙོ་བོར་གསུངས། གཞན་ཡང་ཁམས་སྤྲུལ་རིན་པོ་ཆེ་ཀུན་དགའ་བསྟན་འཕེལ། བླ་མ་ཀརྨ་རྒྱ་མཚོ། བློ་གྲོས་བཟང་པོའི་སྤྲུལ་སྐུ་མེ་འབར་རྡོ་རྗེ། ཨ་མཁར་སྤྲུལ་སྐུ་མི་ཕམ་ཀརྨ་ཕྲིན་ལས། འཁྲུལ་ཞིག་ཕྲིན་ལས་རྒྱ་མཚོའི་དབོན་ཕྲིན་ལས་རིན་ཆེན། བླ་མ་ཀརྨ་ཤེས་རབ། སྟོང་ནག་དབོན་པོ་སོགས་ཁམས་འབྲུག་ཕལ་ཆེར་འདིའི་སློབ་གྲྭ་ཤས་ཆེ་བར་གསུངས། ཡོན་དགེ་རིག་འཛིན་མི་འགྱུར་རྡོ་རྗེས་ཀྱང་ཆོས་གསན་པར་སྣང་ངོ་། །

རྣམ་མང་ཚོགས་ཀྱིས་བསྐྲུན་པའི་བྱང་ཆུབ་དབྱིག །
དགེ་ལེགས་མཆོག་སྦྱིན་མཛད་ལ་མཐུ་གྲུབ་པས། །
བསྟན་འཛིན་ཀུན་ལས་ལྷག་པ་འཕགས་པ་ཅན། །
མ་ལུས་སྐྱབས་སུ་གྱུར་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། རྗེ་འཛི་སྒར་སྐུ་ཕྲེང་གཉིས་པ་དགེ་ལེགས་མཆོག་གྲུབ་བསྟན་འཛིན་གྱི་རྣམ་ཐར་ནི། མདོ་ཁམས་འབྲོག་སྡེ་སྒ་ཡུལ་ཤུལ་ཞེས་པར། གདུང་ལྷ་རྗེ་ཞོ་མགར་ཞེས་བླ་མ་དང་ལྷ་རྗེའི་རྒྱུད་བར་མ་ཆད་པར་བྱུང་བའི་ཡབ་ལྷ་རྗེ་ཨ་སྐྱ་དང་། ཡུམ་ཀླུ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཅིག་པའི་ཆུ་བྱི་༼༡༦༧༢༽ལོར་ནང་སོ་དཀོོན་རྒྱལ་སྤྲུལ་སྐུའི་གཅུང་དུ་འཁྲུངས། རྒྱལ་དབང་འབྲུག་པ་མི་ཕམ་དབང་པོའི་ཞལ་སྔ་ནས། ཡབ་ཀྱི་མིང་ལ་ཨ་ཞེས་པ་དང་། ཡུམ་གྱི་མིང་ཀླུ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་འཁྲུངས་ཡོང་ཞེས་ཇི་ལྟར་ལུང་བསྟན་པ་བཞིན་དུ་རྗེ་གོང་མའི་བུ་ཆེན་བླ་མ་ལོ་རུ་ཤེས་རབ་རྒྱ་མཚོ་ནས་ངོས་འཛིན་མཛད། རྒྱལ་དབང་འབྲུག་པ་ནས་ཆེ་འདོན་གཡེལ་གྲགས་སྔ་ན་མི་དགའ་གསུངས་པ་བཞིན་དགུང་ལོ་བདུན་ཐོག་སྒ་ལོ་རུའི་དགོན་དུ་སྤྱན་དྲངས་ཏེ། རེ་ཞིག་དཀྱུས་མའི་ཚུལ་དུ་བཞུགས་ནས་སྐུ་ཡོན་གསན་སྦྱོང་གནང་། དེ་ནས་བཅུ་གསུམ་བཞེས་ཚེ་བླ་མ་ལོ་རུའི་བཞུགས་གནས་ནམ་མཁའ་སྒང་ཞེས་པ་དེར་ཐོག་མའི་ཆེ་འདོན་མངའ་གསོལ་མཛད། གོང་མའི་སློབ་མ་དབོན་ཀུན་དགའ་རྒྱ་མཚོས་སྤྲུལ་སྐུའི་རྩ་འཛིན་བདག་གཉེར་དེ་ཙམ་མ་མཛད་པར་བརྟེན། བླ་མ་ལོ་ཆོས་ཟུང་རེ་ཐག་ཆོད་དེ། བླ་མ་ཆོས་ལུའི་རང་གནས་འཇོ་ཕག་གྲུའི་ཕུག་གི་གཙུག་ལག་ཁང་དུ་སྤྱན་དྲངས་ཏེ། སེངྒེའི་ཁྲི་ལ་མངའ་གསོལ་ཞིང་། རང་གི་འདོག་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲུལ་ནས་ཕུལ།
དགུང་ལོ་བཅུ་དྲུག་ལ་བླ་མ་ལོ་ཆོས་གཉིས་ཀྱིས་སྒར་ཆས་ཞབས་ཕྱི་འབུལ་རྫས་སོགས་ཀྱི་ཆ་རྐྱེན་སྦྱར་ནས་དབུས་སུ་བྱོན། གོང་ས་རྒྱལ་བ་ལྔ་པ་ཆེན་པོས་མངའ་དབང་བསྒྱུར་བའི་བོད་དབུས་གཞུང་ནས་བླ་ཆེན་གྱི་གོ་གནས་དང་འཇའ་ས་བསྩལ། སྒམ་པོ་ཞབས་དྲུང་བཟང་པོ་རྡོ་རྗེ་ལ་ཡང་ཟབ་དཀོན་མཆོག་སྤྱི་འདུས་ཀྱི་དབང་གསན། བདེ་ཆོས་བླ་མ་ཡབ་སྲས་སོགས་མཇལ་ཞིང་རིམ་པས་བྱར་དུ་ཕེབས། དེར་རྒྱལ་དབང་ཐམས་ཅད་མཁྱེན་ཞབས་མི་ཕམ་དབང་པོའི་ཞལ་མཇལ་ནས། དངོས་འབུལ་རྒྱ་ཆེར་མཛད། གཙུག་ཕུད་ཕུལ་ནས་རབ་ཏུ་བྱུང་། མཚན་སྔར་ནས་དགེ་ལེགས་མཆོག་གྲུབ་བསྟན་འཛིན་ཞེས་གནང་བར། སླར་ཡང་རྒྱལ་དབང་བསྟན་འཛིན་ཕྲིན་ལས་སུ་གསོལ། རྗེས་གནང་ཉེར་གཉིས་དང་། དྲག་པོ་ཀཱི་ལ་ཡ་སོགས་ནས་བརྩམས་དབང་ཆོས་རིམ་པར་གསན་ཏེ་ལོ་ཤས་བཞུགས། སླར་ཁམས་སུ་བྱོན། བླ་མ་ཆོས་ལུ་དང་དབོན་ཀུན་དགའ་རྒྱ་མཚོ་གཉིས་ལ་གོང་མ་ནས་བརྒྱུད་པའི་དབང་ཆོས་ཕལ་ཆེར་གསན། འཇོ་ཕུ་དང་བྲག་ལོག་རྣམས་སུ་ཡང་ཤས་རེ་བཞུགས་ཤིང་། སྐམ་ལུང་དུ་ལོ་མཚམས་དང་། སྣ་རྡོག་མགོར་ཡང་སྐུ་མཚམས་ཟླ་ཤས་མཛདདེ། སྙིང་པོའི་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ། གྲྭ་འཁོར་གསར་རིགས་རྣམས་ཀྱང་རིམ་པས་འདུས། སྒ་སྟོད་དུ་འབུལ་བསྡུད་གནང་བས་ཇ་གསེར་སོགས་གཏོས་ཆེ་བ་བྱུང་བ་རྣམས་བསྣམས་ཏེ། སླར་དབུས་སུ་བྱོན། རྒྱལ་དབང་འབྲུག་པ་ཐམས་ཅད་མཁྱེན་གཟིགས་ཀྱི་སྤྱན་སྔར། བསྙེན་པར་རྫོགས་ཤིང་། དབང་རྗེས་གནང་གི་རིམ་པ་དུ་མ་དང་། ཁྱད་པར་དཔལ་ལྡན་ལྷ་མོའི་དབང་བཞི་ཆིག་བརྒྱུད་མ་གནང་ནས་སླར་སྐུ་སྐྱེ་ཕྱི་མ་གསུམ་བཞིས་དུས་ཡར་འབུལ་དགོས་གསུངས། གཞན་ཡང་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉིན་བྱེད་ལ་ལྗགས་བཤད་ཞིབ་བཀྲོལ་གྱིས་མཚོན་ཀུན་མཁྱེན་བཀའ་འབུམ་ཡོངས་རྫོགས་ཀྱི་ལུང་ཁྲིད་དང་། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཉམས་ཁྲིད་དུ་གནང་བས། ཐུགས་རྒྱུད་བདེན་འཛིན་གྱི་འཆིང་བ་ལས་རྣམ་པར་གྲོལ་ཏེ། ཆོས་བརྒྱད་མགོ་བོ་སྙོམས་པའི་རྟོགས་པ་བརྙེས། ཙ་རིའི་ཞབས་སྐོར་ལ་ཕེབས་དུས་སུ་ལྟས་ངོ་མཚར་ཅན་དུ་མ་དང་དག་པའི་གཟིགས་སྣང་དཔག་མེད་ཤར། ཁྱད་པར་གསར་མ་ཡང་མཛོད་དུ་འབྱོན་དུས་རྒྱལ་དབང་མཆོག་གིས་དཔོན་སློབ་གཉིས་བྱང་ཆུབ་མ་ཐོབ་བར་དུ་འབྲལ་བ་མེད་པར་ཞལ་གྱིས་བཞེས། སྐུ་ཞབས་སུ་ལོ་ངོ་གསུམ་ཙམ་བཞུགས་ནས། ཁམས་སུ་འབྱོན་ཁར་གདན་མཐོ་བ་ཞིག་ལ་བཞུགས་སུ་བཅུག་ཅིང་། ཐམས་ཅད་མཁྱེན་པ་ཉིད་ཞལ་ཡར་ཕྱོགས་ནས་བཞུགས་པ་སོགས་མངའ་གསོལ་ཚད་ལས་བརྒལ་བར་མཛད། རྒྱལ་དབང་མཆོག་ལ་ཞལ་སློབ་མང་ཡང་རྟོགས་པ་དོན་གྱི་བཀའ་བབ་ཅིང་ཐུགས་ཀྱི་ཐིག་ལེ་ལྟ་བུ་ནི་འདི་ཉིད་ཡིན་ཏེ། ཐུགས་ཀར་ཕྱག་མཛུབ་ཀྱིས་ནན་ནན་དང་སྦྲགས་ཁམས་པ་བསོད་ནམས་སྤྲུལ་སྐུ་ནི་ང་རང་གི་ཁོག་པའི་སྙིང་འདི་འདྲ་འདྲ་ཡིན། འདི་ལ་ངེས་དོན་གྱི་ཉམས་ལེན་བཟང་པོ་ཡོད་ཅེས་ཡང་ཡང་བཀའ་བསྩལ་པ་དང་། དཔལ་ལྡན་ལྷ་མོའི་གསང་སྒྲུབ་ཀྱི་དབང་བཞི་ཆིག་བརྒྱུད་མ་ཡང་རྗེ་འདི་ལ་གནང་བའི་ཕྱིར་རོ། །དེ་ནས་ཁམས་སུ་ཕེབས་ཤིང་། བླ་མ་ལོ་ཆོས་ཟུང་གཤེགས་པའི་ཞུགས་འབུལ་དང་གཟིམས་མལ་སྐུ་འདྲའི་རབ་གནས་སོགས་དགོངས་རྫོགས་རྣམས་ལེགས་པར་བསྒྲུབས། རྗེ་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་ལས། བཀའ་འགྱུར་གྱི་ལུང་། དབང་རྡོ་རྗེ་འཕྲེང་བ་གསན་ཅིང་། ཡབ་སྲས་འདི་གཉིས་མཇལ་ཕྲད་ཆེས་མང་ཞིང་། ཐུགས་ཡིད་གཉིས་སུ་མེད་པར་གྲགས། གཞན་ཡང་སྟག་ལུང་མ་རིན་པོ་ཆེ། འབྲི་གུང་ཞབས་དྲུང་། ཀརྨ་པ་ཞྭ་དམར་ནག །རྡོར་བྲག་ཞབས་དྲུང་། སྒམ་པོ་ཞབས་དྲུང་། གཏེར་སྟོན་འཛམ་གླིང་རྡོ་རྗེ། སྤྲུལ་སྐུ་རྣམ་གསུམ་སོགས་གངས་ཅན་གྱི་སྐྱེས་ཆེན་དུ་མའང་འབུལ་ཞབས་ཀྱིས་མཉེས་པར་མཛད་ནས། དབང་ཆོས་འབྲེལ་བ་མང་དུ་གསན། དགུང་ལོ་སོ་གཅིག་ལ་ལྡེམ་ཆེན་གྱི་ཡར་ཞོལ་དུ་ཆོས་ཁྲི་བརྩིགས་ནས། སྐྱ་སེར་གྱི་འདུས་པ་མང་པོ་ལ་ཕྱག་ཆེན་གྱི་ཁྲིད་རྒྱས་པ་དང་། རྒྱབ་ཆོས་སུ་པད་དཀར་ཆོས་འབྱུང་དང་གོང་མའི་བཀའ་འབུམ་གྱི་ལུང་། མི་འཁྲུགས་པའི་དབང་སོགས་བཀའ་ཆོས་རྒྱ་ཆེར་གནང་། གཞན་ཡང་སྟོད་སྨད་ཀྱི་ཡུལ་རིས་དུ་མར་ཕེབས་ནས་སྐུ་མཚམས་དང་བསྟན་འགྲོའི་དོན་སྤེལ་མར་མཛད།
རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག་༼༡༧༡༢༽ལོར་འཛི་ཡུལ་ལྡེམ་པོ་ཆེའི་ཞོལ་དུ་གཙུག་ལག་ཁང་གི་རྨང་བཏིང་ཞིང་། རྒྱལ་དབང་མི་ཕམ་དབང་པོ་ནས། སྤྱན་དམིགས་གཏད་པའི་འཐོར་ནས་བསྩལ་བ་དང་ཆབས་ཅིག །སྒྲུབ་བརྒྱུད་ཕོ་བྲང་ཞེས་མཚན་གསོལ། གཙུག་ལག་ཁང་ལེགས་པར་གྲུབ་པའི་རབ་གནས་ལ་རྗེ་ཀུན་དགའ་བསྟན་འཛིན་སྤྱན་དྲངས་ཤིང་། རྗེ་དེ་ཉིད་ནས་རྗེ་མི་ལའི་སྐུ་བརྙན་ཀརྨ་པ་ཞྭ་དམར་མཁའ་སྤྱོད་དབང་པོས་ཀ་རུའི་རྡོ་ལ་ཕྱག་བཟོ་གནང་བ་དང་། ཀ་པཱ་ལ་དུམ་བུ་གཅིག་པ་གསེར་མདོག་མ་ཁྱད་ཅན་སོགས་གནང་སྐྱེས་བཟང་པོ་དང་བཅས་བརྟན་བཞུགས་བསྩལ། ཕར་ཡང་དངོས་ནོར་གྱི་བརྒྱ་འབུལ་གྱ་ནོམ་པ་མཛད། དེ་ནས་རྗེ་འབྲུག་པའི་གདན་ས་བྱམས་ཆེན་ཆོས་གླིང་ནས་གྲྭ་པ་རྣམས་ཀྱིས་དབྱངས་རོལ། དུང་རྒྱ་གླིང་། གཏོར་བཟོ་སོགས་རིན་ཆེན་ཕྲེང་བའི་ཆོ་ག་ཕྱག་ལེན་ཐམས་ཅད་དཔྱིས་ཕྱིན་བསླབས་ཏེ། དགོན་པར་སྒྲུབ་མཆོད་དུ་མ་གསར་དུ་ཚུགས། རྗེ་བསོད་ནམས་རྒྱ་མཚོ་ནས་བརྒྱུད་པའི་སྔོན་ཚོགས་བརྒྱའི་སྐབས་ཀྱི་ཕྱག་ལེན་ཡོད་རིགས་ལ་ཁམས་ལུགས་དང་། ཕྱིས་སུ་བོད་དབུས་ནས་སྦྱངས་པའི་ཕྱག་སྲོལ་འདི་རིགས་ལ་བོད་ལུགས་ཞེས་གྲགས། དེ་ནས་བཟུང་དབུས་ཀྱི་གདན་ས་དང་དགོན་མ་བུའི་འབྲེལ་བ་བྱུང་། དགོན་མ་བུའི་འབྲེལ་བ་ནི། བླ་སློབ་ཀྱི་འབྲེལ་བ་ལྟར་གང་ཟག་སྒེར་རྐྱང་པས་མ་ཡིན་པར། ཚོགས་པའི་འབྲེལ་བ་ཡིན་པས། བུ་དགོན་གྱི་བྱེད་སྒོ་རྣམས་མ་དགོན་གྱི་སྲོལ་ལྟར་བྱེད་དགོས་པ་ཞིག་ལ་བཤད། དུས་དེ་ཙ་ན་དབུས་ནས་སྒར་བདེ་གཉིས་སྡེ་གཟར་ཕྲན་བུ་བྱུང་བའི་སྐབས་ཡིན་པས། རྗེ་འདི་ཉིད་རྒྱལ་དབང་འབྲུག་པ་དང་འབྲེལ་འདྲིས་ཆེ་བའི་དབང་གིས་དགོན་པ་གསར་དུ་ཕྱག་བཏབ་རྗེས་འབྲུག་པའི་གདན་ས་གཙོ་བོ་གསང་གླིང་གི་ཁོངས་སུ་གཏོགས་པའི་ཐུན་མོང་མ་ཡིན་པའི་དགོན་ལག་ཞིག་ཏུ་གྱུར། སྐུ་དུས་འདིར་རང་དགོན་དུ་བཀའ་འགྱུར་གསར་བཞེངས་དང་། དཔལ་ལྡན་འབྲུག་པའི་འཁྲུངས་རབས་བདུན་ཐང་། གནས་བཅུ་གྲ་ཐང་ཉེར་གསུམ། མགོན་མང་སྐོར་གྱི་ཞལ་ཐང་། བྱར་ཡུལ་སྔགས་གྲྭའི་ནང་རྟེན་སྔོན་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེས་བཞེངས་པའི་དཀར་བརྒྱུད་གསེར་འཕྲེང་ཁྱད་འཕགས་ཅན་དེ་ལ་མ་ཕྱི་གནང་ནས་ལྷ་རིགས་འགའ་ཞིག་ཁ་བསྐངས་བཅས་པ་སོགས་རྟེན་དང་བརྟེན་པ་གསར་དུ་བཞེངས། རྗེ་འདི་དཀོན་མཆོག་ལ་བཀུར་སྟི་ཤིན་ཏུ་ཆེ་བས། གཞན་གྱིས་འབག་རྩོག་སོགས་ཕྲན་བུ་བྱེད་པ་གཟིགས་ནའང་ཧ་ལས་པ་ལྟར་གནང་ཞིང་ནན་གྱིས་འགོག་ཅིང་། བླ་མ་སུ་འདྲ་དང་མཇལ་ཡང་གོང་དུ་བཀུར་བ་གནང་། ཐམས་ཅད་མཁྱེན་པའི་གྲྭ་རིགས་སུ་གཏོགས་ཚད་ལ་ཕྱག་ལེན་མཛད་ཅིང་། སེར་གོས་གོན་ཙམ་གྱི་བྱ་བྲལ་བ་ཡན་ཆད་ལ་དབུ་དུད་པ་དང་ཞེ་ས་གནང་བ་སོགས་དཔལ་ལྡན་འབྲུག་པའི་ཆེ་བ་རྣམ་གསུམ་ཐུགས་དམ་གྱི་མཐིལ་དུ་མཛད་པར་གྲགས། ལྐོག་གྱུར་མཁྱེན་པ་དང་། ནད་པ་ཤི་བ་ལྟར་གྱུར་ཚེ་སྐྲ་ནས་འཐེན་པས་སོས་པ་བྱུང་བ་སོགས་གྲུབ་པའི་རྟགས་ཀྱང་མང་པོ་མངའ། དབུས་ཀྱི་གདན་སར་འབུལ་བསྙེན་ཐེངས་མང་དང་། ལོ་རུ་དགོན་ལ་མདོ་མང་སྐོར་གནང་བ་དང་། རང་གི་གཅེན་ནང་སོ་དཀོན་མཆོག་ཕྲིན་ལས་བཟང་པོ་ལ་འདུལ་བ་བཅས་ཀྱི་གསུང་རབ་མང་པོའི་གནང་སྐྱེས་བསྩལ་ཅིང་། དེའི་ཡང་སྲིད་རྩ་འཛིན་དང་གདན་ས་རོང་རེ་ཁེ་རྡོ་རྗེ་རྫོང་དུ་ཁྲི་འདོན་གནང་བ་སོགས་ཀྱི་གཟིགས་བསྐྱངས་མཛད། དེ་ནས་དགུང་ལོ་ཞེ་བརྒྱད་པ་ས་ཕག་༼༡༧༡༩༽ལོའི་ནག་ཟླའི་གནམ་གང་འཕར་བའི་ཚེས་ཕྱི་མའི་དགོང་མོར་ཞི་བའི་དབྱིངས་སུ་གཤེགས་སོ། །སློབ་མ་ནི། དབོན་མཁས་གྲུབ་དགེ་ལེགས་རིན་ཆེན། རྟོགས་ལྡན་དཔལ་ལྡན་དབང་ཕྱུག་སོགས་མང་པོ་བྱུང་ངོ་།།
མི་ཤིགས་ཏིང་འཛིན་བྱེ་བར་དབང་བའི་མཐུས། །
བདུད་ཀུན་ཕམ་མཛད་ཕྲིན་ལས་དཔལ་འབྱོར་བ། །
ཁམས་གསུམ་སྐྱེ་འགྲོས་བཏུད་པའི་མགོན་པོ་ནི། །
ཡོངས་ཀྱི་བླ་ན་འཕགས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། རྗེ་འཛི་སྒར་སྐུ་ཕྲེང་གསུམ་པ་མི་ཕམ་ཕྲིན་ལས་དཔལ་འབྱོར་གྱི་རྣམ་ཐར་ནི། ལྷ་ཐོག་དཔོན་པདྨ་དབང་གི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་༼༡༧༢༠༽ལོར་འཁྲུངས། དགུང་ལོ་བཞིར་ཕེབས་སྐབས། རྒྱལ་དབང་བདུན་པ་དཀར་བརྒྱུད་ཕྲིན་ལས་ཤིང་རྟས་གོང་མའི་ཡང་སྲིད་དུ་ངོས་འཛིན་གསལ་པོར་མཛད། དགུང་ལོ་བདུན་པ་ལ་གདན་སར་སྤྱན་དྲངས་ཤིང་མངའ་གསོལ། རིམ་གྱིས་དབུས་སུ་ཕེབས་ནས་རྒྱལ་དབང་འབྲུག་པ་བདུན་པའི་ཞབས་དྲུང་དུ་དབང་ཆོས་ཀྱི་རིམ་པ་མང་པོ་གསན། ཙ་རི་ཅིག་ཅར་དུ་སྐུ་མཚམས་ལ་བཞུགས་དུས། གཏོར་སྒམ་གྱི་ཐོག་ཏུ་དཔལ་ལྡན་ལྷ་མོ་སྐུ་རྒྱན་རྣམས་ཀྱི་ཁྲོབ་སྒྲ་དང་བཅས་མངོན་སུམ་དུ་བཞུགས་པའི་གཟིགས་སྣང་བྱུང་། མཚན་ལམ་དུའང་དག་ཞིང་གཟིགས་པ་བྱུང་ཚུལ་གསུངས་པ་རྣམས་ནི་བརྗོད་ཀྱིས་མི་ལང་། གཞན་གྱིས་མཐོང་བ་ཡང་སེར་བ་བྱུང་བའི་ཚེ། སྐུ་སྲུང་གི་ཕུར་པ་གདེང་བར་མཛད་པ་ལས་ཧྲེམ་སྒྲ་དང་བཅས་ཏེ་མེ་འབར་བར་མཐོང་བ་སོགས་ངོ་མཚར་ཅན་ཞིག་ནའང་། གདུལ་བྱ་བསོད་ནམས་དམན་པའི་སྣང་ངོར། སྐུ་གཅོང་དམ་པོས་ཟིན་པ་རིམ་ཐུ་ནས། སྒ་ཉག་ཏུ་ཕེབས་རྩིས་ཀྱིས་ཆིབས་ཁ་སྒྱུར་ལམ་རལ་གཞུང་སྣང་ཆུང་ལུང་དུ། དགུང་ལོ་ཉེར་གཅིག་པ་ལྕགས་སྤྲེལ་༼༡༧༤༠༽ལོའི་བོད་ཟླ་བཞི་པའི་ཉི་ཤུ་ལ་སྐུ་གཤེགས་སོ། །གདུང་བཞུ་བའི་ཚེ་འཇའ་སྤྲིན་དར་ཁྲ་བརྐྱངས་པ་ལྟར་རི་རྩེ་ཕན་ཚུན་སྦྲེལ་ཉེ་ཤར་བ་སོགས་ངོ་མཚར་བ་བྱུང་ངོ་། །