༄༅། །རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་རོལ་༧དཔལ་འཛི་སྒར་སྐྱབས་མགོན་མཆོག་སྤྲུལ་རིན་པོ་ཆེའི་སྐྱེས་རབས་ཕུན་ཚོགས་ བཀྲ་ཤིས་མའི་འགྲེལ་བ་ཡེ་ཤེས་སྒྱུ་མའི་རོལ་རྩེད་ ཅེས་བྱ་བ་བཞུགས་སོ།(༥)

གྲུབ་པ་ཡོངས་ཀྱི་གཙུག་ཏོར་རྒྱན་འོས་པའི། །
ཆེ་མཆོག་རིག་འཛིན་པདྨའི་ཐུགས་རྗེའི་གཟུགས། །
སྲིད་ཞིའི་སྤྱི་དཔལ་ནུས་ལྡན་དྲག་པོ་རྩལ། །
འཁོར་ལོའི་མགོན་པོ་བླ་མར་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། རྗེ་འཛི་སྒར་བཞི་པ་རིག་འཛིན་རྡོ་རྗེ་དྲག་པོ་ཀརྨ་ཕྲིན་ལས་རྣམ་རྒྱལ་གྱི་རྣམ་ཐར་ནི། སྒ་བེ་རི་དཔོན་ཇོ་བོ་འབུམ་བྱ་བའི་སྲས་སུ། རབ་བྱུང་བཅུ་གཉིས་པའི་ལྕགས་སྤྲེལ་༼༡༧༤༠༽ལོར་དགེ་མཚན་དུ་མ་དང་བཅས་ཏེ་སྐུ་འཁྲུངས། སྨྲ་མཁྱེན་ཙམ་ནས་ང་འབྲུག་པ་བསོད་ནམས་རྒྱ་མཚོ་ཡིན་སོགས་སྔོན་གནས་རྗེས་དྲན་དང་། མངོན་ཤེས་དུ་མ་གསུང་། རྒྱལ་དབང་འབྲུག་པ་ཕྲིན་ལས་ཤིང་རྟ་དང་། ཀཿཐོག་རིག་འཛིན་ཆེན་པོ་དགོངས་མཐུན་གྱིས་གོང་མའི་སྐུ་སྐྱེ་འཁྲུལ་མེད་དུ་ལུང་བསྟན། མཚན་མི་ཕམ་ཕྲིན་ལས་རྒྱ་མཚོར་གསོལ། དགུང་ལོ་བརྒྱད་པ་ལ་གདན་སའི་ཁྲིར་མངའ་གསོལ་ཞུས། དགུང་ལོ་བཅུ་གསུམ་ལ་དབུས་སུ་ཕེབས་ནས་འབྲུག་པ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྨིན་གྲོལ་གྱི་རིམ་པ་གསན་བཞེས་དང་། ཁྲོ་ཕུ་མཁན་ཆེན་ཤེས་རབ་རྒྱ་མཚོའི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་སྦྱངས་པ་མཛད། དགུང་ལོ་བཅོ་ལྔ་ལ་དཔལ་ཙ་རི་ཏྲར་ཕེབས་པས། ཕེབས་ལམ་ཀུན་ཏུ་འཇའ་འོད་ཀྱིས་མདུན་བསུས་ཤིང་ཡ་མཚན་པའི་ལྟས་ཁོ་ན་བྱུང་། དེར་སྐུ་མཚམས་མཛད་པའི་མནལ་ལམ་དུ་ཅིག་ཆར་དམར་པོ་ཡིན་ཟེར་བའི་ཁྱེའུ་ཤིན་ཏུ་མཛེས་པ་ཞིག་གིས། རང་བྱུང་འཕགས་པའི་སྐུ་དེ་ཕུལ་ནས། ཁྱེད་རང་སྔོན་བོད་རྒྱལ་པོའི་དུས་རྟེན་འདི་འབྲལ་སྤང་ཡིན། ཨོ་རྒྱན་པདྨའི་ཕ་ནོར་བུ་ལ་འཕྲོད་པ་ཡིན། ལོ་གསུམ་ལ་གསང་རྒྱ་གྱིས། དེ་ནས་ཀུན་ལ་ངོམ། ལུས་དང་གྲིབ་མ་བཞིན་མི་འབྲལ་བར་མཛོད་ཟེར། མནལ་སད་པ་དང་སྔོན་གནས་ཐུགས་ལ་ལྷང་གིས་ཤར་བར་བྱུང་། དེ་འཕྲལ་འཕགས་པ་སེང་གེ་སྒྲའི་སྐུ་རྟེན་དེ་རྐྱེན་གང་ཡང་མེད་པར་གཉེར་མགོན་པོ་བྱ་བས་ཕུལ། ཟབ་མོའི་གཏེར་ཁ་བཞེས་པའི་ཐོག་མར་འཕགས་མཆོག་སེང་གེ་སྒྲའི་ཆར་ཆོག་ཐུགས་ལ་ཤར་ཅིང་། ལོ་དེར་ཡུལ་ཕྱོགས་ཀུན་ཆར་པ་ལ་མཐུ་རྡུགས་པའི་དུས་ཡིན་ཀྱང་། ཆར་ཆོག་དེ་རྗེ་ཉིད་ཀྱིས་ཅུང་ཟད་རེ་གནང་བས་ཆར་གྱི་རྒྱུན་བཟང་པོ་བབས་པ་བྱུང་། དེར་ལོ་ཤས་བཞུགས་ནས། སླར་ཁམས་སུ་ཕེབས།
དགུང་ལོ་ཉེར་གསུམ་ལ་བླ་མ་དམ་པ་ཧྱ་གྲྀ་ཝ་ནཱ་ཐ་ལ་དབང་ཞུས་ན་སྙམ་སྐབས་སུ། གཟིམས་ལམ་ན་ཨོ་རྒྱན་ཆེན་པོ་དངོས་ལ་དངུལ་གྱི་མཎྜལ་ལ་འབྲས་དཀར་གྱི་ཚོམ་བུ་བཀོད་ནས། ཕུར་པའི་དབང་ཞུས་པ་སོགས་ཤིན་ཏུ་ལྟས་བཟང་པོ་བྱུང་བས་བསྐུལ་ཏེ། དཔལ་སྤུངས་སུ་བྱོན། གཏེར་ཆེན་རོལ་བའི་རྡོ་རྗེའི་རྣམ་འཕྲུལ་རྗེ་རིག་འཛིན་རྟ་མགྲིན་མགོན་པོའི་ཞལ་ཐོག་མར་མཇལ། རཏྣ་གླིང་པའི་གཏེར་བྱོན་ཕུར་པ་ཡང་གསང་བླ་མེད་ཀྱི་དབང་ལུང་གསན། རྗེ་དེ་ཉིད་ལའང་ལུང་བསྟན་བྱུང་བ་དང་རྗེས་སུ་མཐུན་པར། གུ་རུ་དྲག་པོ་དང་། དཔལ་རྡོ་རྗེ་གཞོན་ནུ་གཉིས་ལྷ་སྐལ་དུ་ཕོག །གསང་བའི་མཚན་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཞེས་གསོལ། རིམ་བཞིན་རོལ་པའི་རྡོ་རྗེའི་གཏེར་བྱོན་ཡོངས་སུ་རྫོགས་པ་བཅས་སྨིན་གྲོལ་དཔག་ཏུ་མེད་པ་ཞུས། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་སྤྱན་སྔར་དགེ་ཚུལ་དང་དགེ་སློང་དུ་བསྒྲུབས། མཚན་ཀརྨ་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་རྒྱས་པའི་སྡེ་ཞེས་གསོལ། མདོ་རྒྱུད་རིག་གནས་དང་བཅས་པའི་བཀའ་དྲིན་བསྐྱངས། གཞན་ཡང་ཡོངས་འཛིན་འཇམ་དཔལ་དཔའ་བོ། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། གྲུ་གུ་ཆོས་རྒྱལ་རྒྱ་མཚོ། དཔའ་བོ་གཙུག་ལག་དགའ་བ་སོགས་ལ་ཚུལ་བཞིན་བསྙེན་པས། མཁས་བཙུན་གྲུབ་པའི་ཕུལ་དུ་ཕྱིན་པར་གྱུར། ཁྱད་པར་སློབ་དཔོན་སངས་རྒྱས་གཉིས་པ་མ་ཧཱ་གུ་རུ་པདྨ་ཀཱ་རས་རྗེས་སུ་བཟུང་ནས་མཁྱེན་བརྩེ་ནུས་གསུམ་ལ་དབང་ཐོབ་ཅིང་། གཏེར་ཆེན་བརྒྱ་རྩའི་ཡ་གྱལ་དུ་གྲགས། རྒྱལ་དབང་བདུན་པའི་ཡང་སྤྲུལ་ཀོང་ཡུལ་འབྲུག་ཆོས་ལྡིང་དང་ཉེ་བར་འཁྲུངས་ཚུལ་དཔལ་ལྡན་ལྷ་མོས་ལུང་བསྟན་གནང་བ་བཞིན་ཕྱིས་མངོན་དུ་གྱུར། དེ་བཞིན་རྒྱལ་དབང་འབྲུག་པ་རིན་པོ་ཆེས་བཀའ་ནན་ལྟར་ཡོངས་འཛིན་མཆོག་སྤྲུལ་འཁྲུལ་བ་དང་བྲལ་བའི་ལུང་བསྟན་གནང་།
གཞན་ཡང་རྗེ་ཉིད་ཀྱིས་ངོས་འཛིན་གནང་བའི་སྤྲུལ་པའི་སྐུ་ཡང་དཔལ་ཡུལ་ཁྲིར་བཞུགས་ཀརྨ་བཀྲ་ཤིས་ཀྱི་སྤྲུལ་སྐུ། རི་བོ་ཆེའི་འཕགས་མཆོག་རིན་པོ་ཆེ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱི་སྤྲུལ་སྐུ། རྗེ་ཆོས་ལུ་སྤྲུལ་སྐུ། ལོ་རི་སྤྲུལ་སྐུ། དྷི་ཁྱིམ་སྤྲུལ་སྐུ། རྡོ་རྗེ་རྫོང་པའི་སྤྲུལ་སྐུ། མཁར་དམར་སྤྲུལ་སྐུ། ཁྲོ་རུ་སྒྲུབ་བརྒྱུད་སྤྲུལ་སྐུ། དྲུང་རམ་སྤྲུལ་སྐུ། རྒྱུན་ནེ་སྤྲུལ་སྐུ། གནས་མདོ་ཆོས་གྲུབ་སྤྲུལ་སྐུ། མཛེས་དགོན་སྤྲུལ་སྐུ། རི་མགོ་བྱང་ཆུབ་སྤྲུལ་སྐུ། སིབ་དགོན་སྤྲུལ་སྐུ་སོགས་ཤིན་ཏུ་མང་ངོ་།། རྒྱལ་དབང་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བས་ཀྱང་སྨིན་གྲོལ་དུ་མ་གསན་ཏེ། དབུའི་རིགས་བདག་ཏུ་བཞེས། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ་དང་། རྗེ་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོར་དབང་ལུང་སྤེལ་མར་གསན་བཞེས་མཛད། དཔལ་སྤུངས། དཔལ་ཡུལ། རི་བོ་ཆེ། ཟུར་མང་། སྐྱབས་ཆེ། ཁྲོ་རུ། རྫ་པད་སྙིང་། གླིང་བསྟན་འཕེལ་སོགས་ཁམས་ཕྱོགས་ཀྱི་དགོན་སྡེ་ཆེ་ཆུང་ཕལ་ཆེ་བས་གདན་དྲངས་ཏེ། དེ་དག་གི་བླ་སྤྲུལ་ཡོངས་ལ་སྨིན་གྲོལ་བདུད་རྩིའི་ཆོས་ཆར་ཡང་ཡང་ཕབ་སྟེ། མཚན་སྙན་དང་མཛད་ཕྲིན་གྱིས་བོད་ཡུལ་ཁྱབ། གདན་སར་གཙུག་ལག་ཁང་དང་། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་སྟོང་སྐུ། དཔལ་ཆེན་རྡོ་རྗེ་གཞོན་ནུའི་བློས་བསླངས་སོགས་རྟེན་གསུམ་ཁྱད་འཕགས་དུ་མ་བཞེངས། སྙན་འཇེབས་ལྡན་པའི་བཀའ་རྩོམ་དང་། བྱིན་ཆེན་འབེབས་པའི་དགོངས་གཏེར་སྐོར་པོད་ཆེན་དུ་མ་བཞུགས། མཐར་གདུལ་བྱ་རྟག་འཛིན་ཅན་གྱི་ངོར། དགུང་ལོ་ང་བརྒྱད་པ་མེ་སྦྲུལ་༼༡༧༩༧༽ལོའི་བོད་ཟླ་བདུན་པའི་དམར་ཕྱོགས་དཔའ་བོ་མཁའ་འགྲོ་རང་བཞིན་གྱི་འདུ་བའི་དུས་ཆེན་ཉེར་ལྔའི་ཐོ་རེངས་ཙམ་དུ། གངས་ཅན་ལྗོངས་ཀྱི་གདུལ་བྱ་སྤྱི་མཐུན་གྱི་སྣང་ངོར། སྤྲུལ་པའི་དཀྱིལ་འཁོར་ཆོས་དབྱིངས་ཆེན་པོའི་ཀློང་དུ་བསྡུ་བའི་ཚུལ་བསྟན་ཏོ། །
སློབ་མའི་གཙོ་བོ་ནི། རྒྱལ་དབང་བརྒྱད་པ་ཀུན་གཟིགས་ཆོས་ཀྱི་སྣང་བ་དང་། སི་ཏུ་པདྨ་ཉིན་བྱེད་དབང་པོའི་སྡེ་སྟེ། སྲས་ཀྱི་ཐུ་བོ་ཉི་མའི་དཀྱིལ་འཁོར་ལྟ་བུ་གཉིས། དཔའ་བོ་མཆོག་སྤྲུལ་གཙུག་ལག་ཆོས་ཀྱི་རྒྱལ་པོ། ཏྲེ་ཆེན་མཆོག་སྤྲུལ་ཆོས་ཀྱི་ནོར་བུ། ཀློང་གསལ་སྒྱུ་འཕྲུལ་རྗེ་དབོན་དབང་གི་རྡོ་རྗེ་སྟེ། ཉེ་སྲས་ཉ་རྒྱས་ཟླ་བ་ལྟ་བུ་གསུམ། ཆོས་མགོན་སྤྲུལ་སྐུ་གསང་བདག་གྲུབ་པའི་དཔའ་བོ། སྟག་ལུང་མར་ཐང་འཕགས་མཆོག་སྤྲུལ་སྐུ། རྗེ་དྲུང་སྤྲུལ་སྐུ་གྲགས་པ་རིན་ཆེན་ལེགས་གྲུབ། བཀའ་བརྒྱད་སྤྲུལ་སྐུ་ཕྲིན་ལས་ཡར་འཕེལ། རྗེ་དབོན་མཆོག་སྤྲུལ་ཀརྨ་རིན་ཆེན་ཏེ། མཆོག་སྤྲུལ་སྐར་ཆེན་ལྟ་བུ་ལྔ། ལྷོ་སྡེ་སྲིད། འདོད་དཔལ་མཁན་ཆེན། ཞབས་དྲུང་ངག་དབང་ཆོས་གྲགས། ཨེར་ཀེ་ཆོས་རྒྱལ་ཏེ། ལྷུན་པོའི་ལྕོག་ལྟ་བུ་བཞི། ཟུར་མང་གར་དབང་ཆོས་སྐྱོང་འགྱུར་མེད། སྐུ་རྟེན་སྤྲུལ་སྐུ་ཚེ་དབང་བསྟན་འཛིན་དཔལ་བཟང་། རྡོ་རྗེ་འཛིན་པ་འབྲོང་པ་ལྷུན་གྲུབ་རབ་བརྟན་ཏེ། དཔག་བསམ་ལྗོན་པ་ལྟ་བུ་གསུམ། དཔལ་ཡུལ་ཁྲིར་བཞུགས་ཀརྨ་བཀྲ་ཤིས་སྐུ་གོང་འོག །དབོན་པོ་བླ་མ་ཟུང་། རྗེ་དྲུང་ཀརྨ་འཆི་མེད། ཚེ་དབང་བདེ་ཆེན། ཟུར་མང་དྲུང་སྤྲུལ་ཀརྨ་འགྱུར་མེད་བསྟན་འཕེལ། རོལ་རྡོར་སྒྱུ་འཕྲུལ་པདྨ་བསྟན་འཕེལ། མི་འགྱུར་རྡོ་རྗེའི་སྤྲུལ་སྐུ་ཀརྨ་རིག་འཛིན་མཆོག་གྲུབ་དབང་པོའི་སྡེ། ཆགས་མེད་སྤྲུལ་སྐུ་ཀརྨ་ངེས་དོན་བསྟན་འཛིན་རྒྱལ་པོ་སྟེ། སེང་ཆེན་ལྟ་བུ་བཅུ། བྱང་སེམས་ཀརྨ་བདེ་ཆེན་སྙིང་པོ། ཟུར་ཆོས་རྗེ་ཀརྨ་གྲུབ་མཆོག་དགེ་ལེགས་རབ་རྒྱས། རས་ཆུང་སྤྲུལ་སྐུ་ཀརྨ་ཤེས་རབ་རྒྱ་མཚོ། སྐྱོ་བྲག་བསྟན་སྙིང་སྤྲུལ་སྐུ་ཀརྨ་བསྟན་འཛིན་རྣམ་རྒྱལ། གཏེར་སྲས་བདེ་ལེགས་སྙིང་པོའི་སྤྲུལ་པའི་སྐུ་བླ་མ་པད་དཀར། ཟུང་མང་གཅུང་བླ་མ་ཕྲིན་ལས་རབ་རྒྱས། འབྲུག་པ་སྐྱིད་བུག་སྤྲུལ་སྐུ་ཀརྨ་ཚུལ་ཁྲིམས་དར་རྒྱས་ཏེ། དེད་དཔོན་ལྟ་བུ་བདུན། གནས་མདོ་བླ་མ་ཀརྨ་བསྟན་འཛིན། གཅོད་བླ་ཀརྨ་ཡེ་ཤེས། སྤྲོས་བྲལ་མངོན་གྱུར་ཀརྨ་ཡན་ལག་འབྱུང་སྟེ། རྟ་མཆོག་བ་ལ་ཧ་ལྟ་བུ་གསུམ། གཞན་ཡང་འབྲུག་པ་ཆོས་ལུ་སྤྲུལ་སྐུ། ལོ་རི་སྤྲུལ་སྐུ། གྲུ་གུ་ཆོས་རྒྱལ་སྤྲུལ་སྐུ། ཁྲ་ལེབ་ཉི་མ་འགྱུར་མེད་ཀྱི་སྤྲུལ་སྐུ་ཕྲིན་ལས་ཉི་མ། མཉན་པ་སྤྲུལ་སྐུ། བྱ་བཏང་དཀོན་མཆོག་བསྟན་སྲུང་། རབ་འབྱམས་པ་ཚེ་དབང་ཀུན་ཁྱབ་སོགསབསྟན་འཛིན་གྱི་སྐྱེས་བུ་དམ་པ་དང་། ལ་དྭགས་རྗེ་བཙུན་མ། རི་བོ་ཆེའི་ཇོ་མོ་ཀུན་བཟང་སྒྲོལ་མ། རྗེ་ཉིད་ཀྱི་སྣག་དབོན་མ་པདྨ་ས་ག་ར། མ་ཧཱ་སུ་ཁ་ཏཱ་རེ་སོགས་དད་དམ་གཡེལ་བ་མེད་པའི་སྐྱེ་དམན་གྱི་ཚུལ་ཅན་དང་། བཀའ་བློན་ཆེན་པོ་ཕ་ཇོ་ལྷ་ཁང་པ། སྡེ་དགེ་གཉེར་ཆེན་སྟག་རྒྱལ། ལྷ་སྲས་དཔལ་སྐྱོང་རྣམ་རྒྱལ། དགེ་རྒྱས་དཔོན་ཁག །གོ་འཇོའི་དཔོན་ཁག་སོགས་དེ་དུས་ཀྱི་ཀར་འབྲུག་རྙིང་གསུམ་གྱི་བླ་སྤྲུལ་དང་མི་ཆེན་ཕལ་མོ་ཆེ་རྗེ་འདི་ཉིད་དང་ཆོས་ཀྱིས་འབྲེལ་བའི་སློབ་རིགས་སུ་གྱུར་པར་གསུངས་སོ། །