༄༅། །འཛི་སྒར་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མའི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་དང་རྗེས་དྲན་དད་གསུམ་འདྲེན་པའི་ཕོ་ཉ་བཅས་བཞུགས་སོ།།(༡)

༄༅།       །འཛི་སྒར་མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མའི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ།།

།ཨོཾ་སྭསྟི། དོན་གཉིས་མཐར་ཕྱིན་སྟོན་མཆོག་ཤཱཀྱ་ཐུབ། །རྒྱལ་དང་རྒྱལ་སྲས་མི་ཡི་ཚུལ་བཟུང་བ། །གཅིག་ཤེས་ཀུན་ལ་མཁས་པའི་མཚུངས་མེད་མགོན། །འབྲལ་མེད་སྤྱི་བོའི་གཙུག་ཏུ་རྟག་བཞུགས་མཛོད། །གང་གི་གསང་གསུམ་ཡོན་ཏན་ཅི་མཆིས་གང་། །རྡོ་རྗེའི་ལྗགས་ཀྱིས་བརྗོད་ཀྱང་མཚོན་མིན་ན། །བདག་འདྲས་ཅི་འཚལ་འོན་ཀྱང་དད་པའི་གསོས། །ཉུང་ཟད་བརྗོད་པས་འདི་ལ་ཅི་དགར་མཛོད། །
དེའང་སྤྱིར་རྣམ་ཐར་ཅེས་པ་བི་མོཀྵའི་སྒྲ་ལས་རྣམ་པར་ཐར་པའམ། རྣམ་པར་གྲོལ་བ་སྟེ། གང་ཟག་ཐ་མ་དད་པ་རྣམ་པར་དག་པ་དང་ལྡན་པས་ངན་འགྲོའི་སྲིད་པ་ལས་རྣམ་པར་ཐར་པ་དང་། འབྲིང་ངེས་འབྱུང་རྣམ་པར་དག་པ་དང་ལྡན་པས་འཁོར་བའི་རྒྱ་མཚོ་ལས་རྣམ་པར་ཐར་པ་དང་། རབ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པས་སྲིད་ཞིའི་མཐའ་གཉིས་ལས་རྣམ་པར་གྲོལ་བའི་ལོ་རྒྱུས་བཤད་པ་སྟེ། དགོས་པའང་། དེ་མཐོང་བ་དང་། ཐོས་པ་པོའི་རྒྱུད་ལ་དད་པ་རྣམ་པ་གསུམ་ཀའམ། གང་རུང་སྐྱེད་པར་བྱེད་ན། རིགས་ཀྱི་ནུས་པ་སད་ཅིང་ཐར་པའི་ས་བོན་འཇོག་བྱེད་ཞིག་སྟེ། མདོ་ལས། དད་པ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྣང་བའི་སྒོར་གསུངས་པ་དང་། ཀུན་དགའ་བོ་དད་པ་ལ་སྦྱོར་བ་གྱིས་ཤིག་འདི་ནི་དེ་བཞིན་གཤེགས་པས་གསོལ་བ་འདེབས་པའོ་ཞེས་པ་ལྟར་རོ། །དེས་ན་སྐྱེས་བུ་དམ་པའི་རྣམ་པར་ཐར་པ་ནི་སྐལ་མེད་རྣམས་ཀྱི་རྣ་ལམ་དུའང་ཐོས་པར་དཀའ་ལ། ཅི་སྟེ་ཐོས་ན་གནས་སྐབས་དེར་དད་གུས་ལན་གཅིག་སྐྱེས་པ་ཙམ་གྱིས་ཀྱང་དཀར་པོའི་ས་བོན་ཐེབས་པས་དོན་ཆེན་པོར་འགྱུར་བར་ངེས་ཏེ། དེ་དག་འབྲེལ་ཚད་དོན་ལྡན་གྱི་ཐུགས་བསྐྱེད་དང་སྨོན་ལམ་བཟུང་བའི་ཕྱིར་རོ། །དེས་ན་རང་གཞན་ཀུན་གྱི་དད་པའི་གསོས་སུ། ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་འཇམ་དཔལ་དོན་རྒྱུད་ཉི་མའམ་མཚན་གཞན་མཁས་དབང་དགེ་ལེགས་རྒྱ་མཚོ་ཞེས་བྱ་བའི་རྣམ་པར་ཐར་པ་མདོ་ཙམ་སྨོས་ན།
དེ་ཡང་རྗེ་འདི་ཉིད་སྐུ་འཁྲུངས་པའི་ཡུལ་ནི། གངས་ཅན་བོད་ཀྱི་ལྗོངས། མདོ་ཁམས་ས་ཡི་ཆར་ལྷ་ཐོག་ཀེ་རེ་སྒང་དུ། ཡབ་ཉ་ཤུལ་ཚེ་དབང་བཀྲ་ཤིས་དང་། ཡུམ་ཨ་ཆོས་གཉིས་ཀྱི་སྲས་སུ། སྤྱི་ལོ་༡༩༢༤ བོད་རབ་བྱུང་བཅོ་ལྔ་པའི་ནང་འཁོད་ཤིང་བྱི་ལོ་དགེ་བར་སྐུ་བལྟམས། དགེ་ལེགས་རྒྱ་མཚོ་ཞེས་པའི་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཀྱང་དད་པ་དང་ངེས་འབྱུང་། ཤེས་རབ་དང་སྙིང་རྗེ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ནུས་པ་ཐམས་ཅད་ལྷན་སྐྱེས་སུ་མངའ་ཞིང་། ཡི་གེ་འབྲི་ཀློག་སོགས་ལ་བརྩོན་པ་རྒྱ་ཆེར་མ་དགོས་པར་ཚེགས་མེད་དུ་མཁྱེན། དེ་ནས་འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་གླིང་དུ་དགེ་འདུན་འདུས་པའི་ཚོགས་གྲལ་དུ་ཞུགས་ནས། དགོན་པའི་བློ་འཛིན་རྒྱུགས་སྤྲོད་དགོས་རིགས་ཟླ་བ་བརྒྱད་དགུའི་རིང་མཐར་ཆགས་སུ་གྲུབ་པར་བརྟེན་ཀུན་གྱིས་ཆེད་དུ་བརྗོད་པའི་གནས་སུ་གྱུར། སྙིགས་དུས་ཀྱི་མི་ལ་གཉིས་པ་དྲུང་དགོན་རྒྱལ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་དུ་མནོས། མཚན་བསམ་གཏན་མཆོག་གྲུབ་བློ་བཟང་ཞེས་གསོལ། དེ་ནས་བཟུང་ཉེས་ལྟུང་ཕྲ་མོ་ཚུན་ཆད་ལ་རང་གི་སྲོག་བཞིན་གཅེས་པར་བྱས། རིང་པོར་མ་ལོན་པར་ཅོག་གྲྭ་སྐྱེ་ཕྲེང་བདུན་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་དངོས་སློབ། གྲུབ་དབང་དཔག་བསམ་རྒྱ་མཚོའི་ཞབས་ལ་གཏུགས། ཐོག་མར་ནས་བླ་མའི་ཐུགས་ལ་བཏགས། དྲུང་དུ་ལོ་དུ་མར་བཞུགས་ནས་དཔལ་ནཱ་རོ་པའི་གདམས་ངག་གཏུམ་མོ་དང་སྒྱུ་ལུས། རྨི་ལམ་དང་འོད་གསལ། བར་དོ་དང་འཕོ་བ་སྟེ་ཐབས་ལམ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོའི་མན་ངག་རྣམས་ཞུས། འཁྲུལ་འཁོར་ལ་སྦྱོང་པ་ཆེ་བས་གཞན་གྱི་སློབ་དཔོན་ཡང་མཛད། དེ་དག་ཀྱང་གསན་རྐྱང་ཙམ་དུ་མ་ཤོར་བ་ཆོས་དང་རང་རྒྱུད་འདྲེས་ངེས་སུ་སྦྱངས་ཤིང་། དེ་ནས་དཔྱད་གསུམ་གྱིས་དག་པའི་སངས་རྒྱས་ཀྱི་བསྟན་པ་ལ་མོས་པ་ཙམ་མིན་པར་ཤེས་ནས་དད་པ་ཐོབ་པའི་རྒྱུ་མཚན་གྱིས། གཞན་གྱིས་དྲང་དུ་མི་བཏུབ་པའི་ཤེས་རབ་ཀྱི་སྣང་བ་ཆེན་པོ་ངང་གིས་བྱུང་སྟེ། ཐུགས་ལ་འདི་ལྟར་དགོངས། དེ་ཡང་རྣམ་གྲོལ་ཞིག་དོན་དུ་གཉེར་ཕྱིན་ཆད་ཐོས་པ་མི་བྱ་བའི་གླགས་མེད། རྒྱུ་མ་བསྒྲུབས་པར་འབྲས་བུ་རེ་བ་འདི་ལྟོག་འགོང་དུ་འདུག །འབྲས་བུ་གང་ཡིན་ཡང་རྒྱུའི་རྗེས་སུ་འགྲོ་དགོས་པ་འདི་ཆོས་ཉིད་ཡིན། ཐོས་བསམ་བྱེད་རྒྱུ་འདི་ལ་དེང་སང་མཁས་པ་ཤེས་རབ་ཅན་ཁོ་ནའི་སྐལ་བ་རེད་སྙམ་གྱི་འདུག་སྟེ་དེ་འདྲ་གར་ཡིན། བླུན་པོ་ཤེས་རབ་ཆུང་བ་ཚོས་ལྷག་པར་ཆོས་ཉན་དགོས། སྐྱེ་བ་སྔ་མར་ཡང་ཆོས་མ་ཐོས་པས་ད་ལྟ་དཀོན་མཆོག་གསུམ་ཙམ་མི་ཤེས་པའི་བླུན་པོ་གཏི་མུག་ཅན་ཏུ་སྐྱེས་པ་རེད། ད་དུང་ཡང་མི་ལུས་འདི་འདྲ་ཐོབ་ཚེ་ཆོས་མ་ཉན་ན་འདི་བས་ཐུ་བ་ཁྱི་ཕག་དང་། ལུག་བོང་འདྲ་བའི་བླུན་པོར་སྐྱེ་བ་ཐག་ཆོད། ཀྱེ་མ་འདི་ན་འགའ་རེ། ད་ང་ནི་ལོ་ན་རྒས་དྲགས་པས་ཐོས་པ་བྱེད་པའི་དུས་སྐབས་འཛུར་སོང་ཟེར་ནས་དཔེ་ཀློག་ཙམ་ཡང་མི་བྱེད། ང་རྒས་སོང་བས་རྒྱུ་ཟས་གསོག་པའི་དུས་འཛུར་སོང་མི་ཟེར་བར་ནམ་ལང་མུན་རུབ་ཀྱིས་འབད་པས་ཐང་ཆད་པ་འདི་རྣམས་ནི། ལེགས་ཉེས་ཧ་མ་གོ་བའི་སྐྱོན་དུ་འདུག་སྙམ་ནས་རྒྱུ་འབྲས་ལ་ཡིད་ཆེས་གཏིང་ཚུགས་པར་བྱུང་སྟབས་ཐོས་བསམ་བྱེད་རྒྱུར་ཡིད་དམ་ཡང་ཡང་བྱས་པར་བརྟེན། རང་དགོན་གྱི་བཤད་གྲྭ་རུ་ཞུགས་ནས་ལོ་དུ་མར་རྒྱ་གཞུང་དང་རིག་གནས་སོགས་ལ་གསན་བཞེས་རྒྱ་ཆེར་མཛད། སླར་ཡང་ཐོས་བསམ་ལ་ངོམས་པ་མེད་པར་ཆོས་འཚོལ་དུ་འབྱོན་པར་དགོངས་ཏེ། སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེས་མཐུན་རྐྱེན་ཕྲན་བུ་གནང་བ་ཙམ་ལས་གཞན་གསོལ་རྒྱགས་ཅིའང་མེད་ཀྱང་བགྲོད་དཀའི་ལམ་དང་། གསོལ་ཆས་ཀྱི་མཐུན་རྐྱེན་སོགས་སྐུ་ངལ་ལ་མ་ལྟོས་པར། གྲོགས་སངས་རྒྱས་ཕྲིན་ལས་དང་བསྡེབས་ཏེ། བྱང་རྫ་སྟོད་བ་ཐར་ཐུབ་དགའ་རིན་པོ་ཆེའི་མདུན་དུ་ཕེབས། དེར་འཚོ་བ་བསོད་སྙོམས་ལ་བརྟེན་ནས་ལོ་མང་པོ་བཞུགས། རྒྱ་གཞུང་རྣམས་བསྐྱར་དུ་ནན་ཞུས་བྱས། གཞན་ཡང་མདོ་སྔགས་ཀྱི་བཤད་ཁྲིད་ཀྱང་མང་ཙམ་ཐོབ། ལྕང་མ་རི་ཁྲོད་དུ་ཕེབས་ཏེ་བོད་པ་སྤྲུལ་སྐུའི་དྲུང་ནས་མི་ཕམ་དབུ་མ་རྒྱན་འགྲེལ་གྱི་བཤད་པ་ཞིབ་རྒྱས་ཞུས། དེ་ནས་སྒ་སྐྱེ་རྒུ་དགོན་དང་། རྫོང་སར་ཁམས་བྱེ་བཤད་གྲྭ་སོགས་དེ་དུས་ཁམས་ཕྱོགས་ཀྱི་ཆོས་གྲྭ་གྲགས་ཅན་དུ་མར་ཕེབས་ཤིང་། མཁས་གྲུབ་དུ་མའི་ཞབས་ལ་གཏུགས་པས་མདོ་སྔགས་རབ་འབྱམས་སྨྲ་བའི་མངའ་བདག་ཏུ་གྱུར། ཁྱད་པར་དུ་སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ་དང་། མཁས་གྲུབ་ཀརྨ་ཚེ་བརྟན་གྱི་ཞབས་རྡུལ་སྤྱི་བོར་བླངས། དེ་དག་གིས་ཀྱང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་འབྲུག་ལུགས་གཙོ་བོར་གྱུར་པའི་མདོ་སྔགས་ཟབ་མོའི་དབང་ལུང་མན་ངག་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་གནང་། དེའང་གསན་རྐྱང་ཙམ་དུ་མ་ཤོར་བར་དོན་གྱི་ངེས་པ་ལེགས་པར་རྙེད། དེ་ནས་ཆོས་ཀྱི་རྒྱལ་པོ་ཆེན་པོ་རུ་མངའ་གསོལ་ཞིང་འཛི་སྒར་བཤད་གྲྭའི་མཁན་པོ་དང་དབྱར་གནས་མཁན་པོ་མཛད་པ་སོགས་བསྟན་པའི་ཁུར་ཆེན་པོ་བཞེས་མུས་ལ།
སྤྱི་ལོ་ ༡༩༥༩ ལོར་དུས་འགྱུར་ཆེན་མོ་བྱུང་ནས། རིག་གནས་གསར་བརྗེའི་སྐབས་སུ་བསྟན་གཞི་གཙུག་ལག་ཁང་རྣམས་རྨིང་མེད་དུ་བཏང་། བསྟན་རྩ་དགེ་འདུན་སྡེ་རྣམས་ཀྱང་ཕལ་ཆེར་ནི་རྩིང་སྤྱོད་དྲག་པོས་བཀྲོངས། ལ་ལ་ནི་བཙོན་རར་བཅུག་སྟེ་མུ་གེའི་འཆི་དགོས་བྱུང་བ་དང་། ཉུང་ཤས་ལུས་པའི་རྒན་བྱིས་སེར་སྐྱ་ཐམས་ཅད་ཀྱང་། ཁ་ནས་མ་ནི་ཚར་གཅིག་དང་། ལག་ཏུ་ཕྲེང་བ་ལེན་པ་ལྟ་ཅི་སྨོས། རང་ནོར་རང་གིས་ཅི་བདེར་སྤྱོད་དབང་མེད་པར་བྱས་པ་སོགས་མདོར་ན་གླེང་བར་མི་རུང་བའི་བྱེད་སྒོ་མི་བཟད་པ་སྤེལ་སྐབས། འདི་གའི་དགོན་སྡེ་གྲྭ་ཚང་རྣམས་ཀྱང་འཐོར་ཞིག་ཏུ་སོང་། དེའི་ཚེ་དམ་པ་འདི་ཉིད་སྔོན་མཁན་པོ་ཡིན་པ་དང་། གསར་དུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བར་སོགས་སྙད་སྣ་ཚོགས་བཏགས་ཏེ་མནར་གཅོད་མང་དུ་བཏང་ཡང་། སྡུག་བསྔལ་དང་མི་འདོད་པ་ཐམས་ཅད་འདོད་ཐོག་ཏུ་བླངས་ཤིང་ཟློག་སྒོམ་གྱིས་རོ་སྙོམས་པར་མཛད་སྐད། མཐར་བཙོན་དུ་བཅུག་ནས་ཆབ་མདོ་དང་། ཀྲ་མོག་བཙོན་ཁང་སོགས་ལ་སྤྱི་ལོ་ ༡༩༨༠ ཐམ་པའི་བར་བཞུགས་དགོས་བྱུང་། དེ་དག་གི་སྐབས་སུ་ཡང་བྱམས་པ་དང་སྙིང་རྗེ་ལ་བློ་སྦྱངས་ནས་བཞུགས་པས། ནང་དུ་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བཅོས་མ་མ་ཡིན་པ་འཁྲུངས། དེའི་སྟོབས་ཀྱིས་ཕྱི་ནས་ཀྱང་རྒྱ་བོད་ཀུན་གྱི་སྙིང་དུ་སྡུག་པར་མཐོང་ཞིང་། བཙོན་པ་ཀུན་གྱིས་བློ་འདྲི་བྱེད་ས་ཞིག་ཏུ་གྱུར། དེ་ནས་སྲིད་ཇུས་ཅུང་སློད་སྐབས་བཙོན་ལས་གློད་བཀྲོལ་ཐོབ་ཅིང་། འཛི་དགོན་དུ་ཕྱགས་ཕེབས་མ་ཐག་ནས་བཟུང་། དད་ལྡན་མང་ཚོགས་ལ་བསྐུལ་མ་གནང་ནས་རིག་གསར་སྐབས་རྩ་མེད་དུ་སོང་བའི་འབྲུག་ལུགས་འདོན་ཆའི་སྐོར་དང་། འཛི་སྒར་བརྒྱད་པའི་ཟབ་གཏེར་སྐོར། ཆོས་དྲུག་དང་ཕྱག་ཆེན་སྔོན་དངོས་ཀྱི་སྐོར། གཞུང་ཆེན་བཅུ་གསུམ་གྱི་རྩ་བ། གཞན་ཡང་རྒྱ་བོད་རིས་མེད་ཀྱི་གདམས་ཟབ་རྒྱས་བསྡུས་སྣ་ཚོགས་པ་སླར་ཡང་ཤིང་པར་རྐོ་བཅུག་པ་དང་། དེ་རྣམས་ཞུ་དག་གནང་བ་སོགས་ཐུགས་འགན་ཆ་ཚང་བཞེས་པས་ལེགས་གྲུབ་བྱུང་། ད་ལྟ་ཁམས་སུ་གསར་དུ་བསྐྲུན་པའི་དཔར་ཁང་ཞིག་ལ་འདི་ལས་བཟང་བ་དང་ཆེ་བ་མེད་པར་སྙམ། དེ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམ་ཐེངས་གསུམ་པའི་གྲོས་ཚོགས་འཚོགས་རྗེས་ཆོས་དད་རང་མོས་ཀྱི་བྱེད་སྒོ་སྤེལ་བར་བརྟེན། སྤྱི་ལོ་ ༡༩༨༤ ལོ་ལ་འདི་གའི་དགོན་པ་ཞིག་གསོ་ཆོག་པའི་ཆོག་མཆན་ཐོབ། ལོ་ཤས་རིང་གྲྭ་མང་སྤྱི་ལ་སྨན་པའི་བཀའ་སློབ་དང་། གཞི་འདུལ་བ་དང་བསྟུན་པའི་དགོན་པའི་བཅའ་ཡིག་གསར་བསྒྲིགས་གནང་།
དེ་ནས་བཤད་གྲྭའི་འཚོགས་ཁང་ཉམས་གསོ་གྲུབ་མ་ཐག །སྤྱི་ལོ་ ༡༩༨༧ ལོ་ལ་དགོན་པའི་དབུ་འཛིན་ལྕི་སྤྲུལ་ཀརྨ་བཤད་སྒྲུབ་ཆོས་ཀྱི་སེང་གེ་མཆོག་ནས་སླར་ཡང་བཤད་གྲྭའི་མཁན་པོ་ལ་བཞུགས་པར་གསོལ་བར་བཏབ་པ་བཞིན་ཞལ་བཞེས་གནང་སྟེ། མོས་པ་ལྡན་པའི་བློ་གསལ་མང་ཙམ་ལ་མདོ་སྔགས་རིག་གནས་དང་བཅས་པའི་འཆད་སྤེལ་གྱི་རྒྱུན་བཟང་པོ་བཙུགས་པས་མདོ་ཁམས་ཀྱི་ཕྱོགས་ནས་དཔལ་འབྲུག་པ་དཀར་བརྒྱུད་ཀྱི་བསྟན་པའི་དབུ་བརྙེས། གཞན་ཡང་ལོ་ལྟར་འབུམ་འགྱུར་ཟླ་བའི་ནང་། སྒྲིས་པ་སྟོད་སྨད་བར་གསུམ་གྱི་སྐྱེ་བོ་ཕོ་མོ་བརྒྱ་ཕྲག་དུ་མར་འདུས་པའི་དུང་འགྲུབ་ཀྱི་དབུ་བླ་མཛད་ནས། ཁྲོམ་ལ་གསོ་སྦྱོང་གི་སྡོམ་པ་བསྩལ་བ་དང་། དེ་དང་འབྲེལ་བའི་བསླབ་བྱ། སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར། བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་ཚུལ་སོགས་ཀུན་གྱི་སེམས་ལ་ཕན་ཞིང་། གོ་བདེ་བའི་བཀའ་ཆོས་གནང་ནས་བསྟན་པ་དང་སེམས་ཅན་གྱི་དོན་མཛད་བཞིན་པར་བཞུགས་པའོ། སྤྱིར་ཡོན་ཏན་ཐམས་ཅད་ནི་བུམ་ནང་གི་མར་མེ་བཞིན་དུ་སྦས་ནས་ཟུར་ཙམ་ཡང་མི་གསུང་པས། དམ་པ་འདི་ཉིད་ཀྱི་ཐུགས་གཏིང་ངོ་མ་དེ་ཕྱི་ནང་སུས་ཀྱང་དཔོག་དཀའ། ཇི་ཙམ་འདྲིས་པ་དེ་ཙམ་དུ་ཕྱི་ཕྱིར་ཇེ་ཟབ་ཏུ་འགྲོ་ཞིང་། ཚུལ་སྟོན་ཙམ་དུ་བྱིས་པའི་བསམ་སྤྱོད་ཀྱི་སྒོ་བསྟུན་པ་འདི་དག་དོན་གྱི་རྣམ་ཐར་ལགས་ཀྱང་། ཕལ་མོ་ཆེས་དེ་ག་ལ་ཤེས་ཏེ་མི་ཤེས། མི་ཆེན་སོགས་ཁས་དྲག་དབང་བཙན་འབྱོར་ལྡན་སུ་ཞིག་བྱུང་ཡང་དེའི་མཐུན་འཇུག་དང་ཁ་གསག་ངོ་བསྟོད་ལྟ་ཅི། དེ་དག་གི་རིགས་ལ་འབྲེལ་འདྲིས་ཀྱི་གསུང་འཕྲོས་ཀྱང་མང་པོ་མི་གནང་། དམན་པ་ཉམས་ཆུང་གང་བྱུང་སྤྱོད་ཅིང་། མཛེས་མཛེས་མི་བྱེད་པ་རྣམས་ལྷག་པར་ཐུགས་ལ་འཕྲོད་ཅིང་གསུང་འཕྲོས་ཀྱང་ལྷུག་པར་གནང་། གསོལ་ལྷག་ཡན་ཆད་ཕྱག་གིས་བསྩལ་ཏེ་དགྱེས་དགྱེས་མཛད། རྒྱུན་དུ་རིམ་གཉིས་ཀྱི་རྣམ་འབྱོར་ལ་བརྩོན་བཞིན་དུ་བཞུགས་པ་ལས། དེང་སོང་འགའ་རེ་ལྟར་ངག་འཁྱལ་གྱིས་ཁ་མི་ཁོམ། ཆགས་སྡང་གིས་སེམས་མི་ཁོམ་པ་གཏན་ནས་བྱེད་སྲོལ་མེད། ཡར་མར་འབྱོན་པའི་ཚེའང་གཉའ་ཤིང་གང་ཙམ་གྱི་སར་གཟིགས་ནས་བྱོན་པ་ལས་ཐ་མལ་པའི་སྤྱོད་ལམ་ལྟར་སུས་ཀྱང་མཐོང་རྒྱུ་ལྟ་ཅི་སྨོས། བུ་སློབ་རྣམས་ཀྱིས་རང་རེ་བླ་མའི་མདུན་ཙམ་མ་གཏོགས་གཡས་གཡོན་རྒྱབ་སོགས་སུ་སོང་ནའང་བླ་མས་གཟིགས་ཤེས་ཀྱི་མ་རེད་ཅེས་རྩེད་མོའི་ཚུལ་དུ་གླེང་སྲོལ་བྱེད་ཀྱི་ཡོད། རྟག་པར་བདག་ཅག་སོ་སོའི་སྐྱེ་བོ་ཞེས་དམན་པའི་ངང་ཚུལ་འབའ་ཞིག་མཛད། ཞལ་ནས་ངས་མི་ཤེས་མི་ནུས་སོགས་གསུངས་པ་ལས་བདག་བསྟོད་ཀྱི་ཚིག་གཅིག་གསུང་པ་ནམ་ཡང་ཐོས་རྒྱུ་མེད། འོན་ཀྱང་གདུལ་བྱ་དུས་ལ་བབས་ཤིང་ནང་ནས་བྱམས་དང་སྙིང་རྗེ་ཆེན་པོའི་སྟོབས་རྒྱས་པས་འགྲོ་བའི་དོན་མཛད་པ་ལ་སྐྱོ་སུན་གཏན་ནས་མི་མངའ་ཞིང་། ད་ལྟ་དགུང་གྲངས་དོན་དྲུག་བཞེས་ནས་བཞུགས་བཞིན་ཀྱི་བར་རང་གི་གསན་བསམ་གྱི་ཆོས་རྒྱུན། བྱིན་རླབས་ཀྱི་དྲོད་མ་ཡལ། ཆོས་བརྒྱད་ཀྱི་གཏིང་མ་སྦགས། ཚིག་རྐྱང་གི་བཤད་པར་མ་ཤོར་བའི་རྒྱུན་བཟང་པོ་མཐའ་དག་ཐུགས་སྲས་བུ་ཆེན་རྣམས་ཀྱི་གཙོས་འཛམ་གླིང་སྐྱེ་འགྲོ་མ་ལུས་པའི་ཕན་བདེའི་གསོས་སུ་དགོངས་ནས། ཐུན་མོང་རིག་གནས་ཀྱི་སྐོར་སུམ་རྟགས་དག་གསུམ། རྩིས་དཀར་ནག །སྙན་ངག་སོགས་དང་། ནང་དོན་སྡེ་སྣོད་ཀྱི་སྐོར་རྒྱ་གཞུང་བཅུ་གསུམ་གཙོས་པའི་གཞུང་འགྲེལ་སྣ་ཚོགས་པ་དང་། ལྷག་པར་དུ་རང་ལུགས་ཀྱི་ཟབ་མོ་ནང་དོན་དང་། རྒྱུད་བརྟག་གཉིས་སོགས་ཀྱི་འཆད་ཉན་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་པ་ན། རྗེ་འདི་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་ད་ལྟ་སླར་ཡང་དར་བཞིན་པ་འདིའོ། །དེ་དག་གི་བར་སྐབས་རྣམས་སུའང་སྐུ་ངལ་འཛེམ་མེད་ཀྱིས་ལྗགས་ལུང་མཐའ་ཡས་པ་གནང་གྲུབ་པ་དང་། སློབ་མའི་ཚོགས་ཀུན་ལ་ཡང་གཟེངས་བསྟོད་གང་འོས་དུས་ལས་མི་ཡོལ་བར་དགེ་རྒན། དགེ་ཕྲུག །འཛིན་གྲྭ། སྐྱོར་དཔོན་སོ་སོར་བཀོད་ཁྱབ་རིམ་བཞིན་དུ་གནང་ཞིང་བསྐྱངས། མདོར་ན་དེང་སོང་སྟོན་པ་ཉིད་ཀྱིས་བཞག་པའི་མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཕན་ཚུན་འགལ་མེད་རྟོགས་པའི་ཤེས་རབ་ཉམས་ནས། མདོ་ཕྱོགས་པ་རྣམས་ཀྱིས་སྔགས་དང་། སྔགས་ཕྱོགས་པ་རྣམས་ཀྱིས་མདོ་ཁྱད་དུ་བསད་དེ། གསུང་རབ་གདམས་ངག་ཏུ་འཆར་བར་མ་ནུས་ཤིང་། དེ་ལ་བརྟེན་ནས་རྒྱལ་བའི་དགོངས་པ་ཇི་བཞིན་པར་རྟོགས་པའི་ནུས་པ་མེད་པའི་དབང་གིས་བཤད་སྒྲུབ་ཀྱི་འཆད་ཉན་རྣམ་པར་དག་པའང་གྱི་ནའི་གཟུགས་སུ་གྱུར་པའི་དུས་འདིར། ཐོས་བསམ་སྒོམ་གསུམ་སོགས་གང་གི་ཐད་ནས་ཀྱང་བསྟན་པ་གྲུ་བཞི་ལམ་མེར་མཛད་པའི་ཕྱག་རྗེས་ཤིན་ཏུ་རྒྱ་ཆེ་བ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། །
འཆད་པའི་ཡོན་ཏན་ལ་ཆ་མཚོན་ན། བཤད་ལུང་ཉམས་ཁྲིད་སོགས་གང་དང་གང་གནང་ན་ཡང་། དོན་གྱི་སྙིང་པོ་མ་ཚང་བ་མེད་ཅིང་། ཚིག་གི་སྤྲོས་པ་ཉུང་ངུ་ཙམ་གྱིས་གདུལ་བྱའི་བློ་སྣ་ཆོས་ཕྱོགས་སུ་བསྒྱུར་བ་མཛད་པ་མ་གཏོགས། བཤད་ཡམ་འབྱམས་ཆེ་བ་དང་། རྟོགས་སླ་བ་རྣམས་བསྐྱར་ལྡབ། རྟོགས་དཀའ་བ་ཚོད་འཇོག་གམ་བམ་བཤད་ཙམ་དུ་བཞག་པ་སོགས་ཀྱི་སྐྱོན་དང་བྲལ་བ་དང་། མ་ཟད་དེ་དག་ལ་ཤེས་བྱེད་ཀྱི་ལུང་དང་། གསལ་བྱེད་ཀྱི་དཔེ་སོགས་དང་བཅས་པའི་སྒོ་ནས་བློ་དམན་རྣམས་ཀྱིས་ཀྱང་ཚེགས་མེད་དུ་བློ་ལ་འཆར་སླ་བ། གོ་བདེ་བ། བཟུང་བར་ནུས་པའི་ཁྱད་ཆོས་དང་ལྡན་པས། སློབ་མའི་ཚོགས་ཀུན་གྱིས་ཀྱང་། འདི་ནི་སྨོན་ལམ་གྱི་སྟོབས་གྲུབ་པ་ཞིག་སྟེ། གཞན་གྱིས་ལན་དུ་མ་བཤད་པ་བས། རྗེ་འདི་ཉིད་ཀྱིས་ལན་རེ་བཤད་པ་ཕན་ཐོགས་ཆེ་བར་འདུག་ཅེས་གླེང་བ་ནི། གཅམ་བུའི་བསྟོད་པ་ཙམ་མིན་པར་ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་ནི་ཐུན་མོང་གི་མཐོང་སྣང་དུ་གྲུབ་པ་ཡིན་ནོ། །རྩོད་པའི་ཡོན་ཏན་ནི། ཅིས་ཀྱང་རྒོལ་སྔ་ཕྱི་གཉིས་ཕན་ཚུན་ཁ་འཐབ་བྱེད་མི་དགོས་ཤིང་། མ་ཟད་གཞུང་དོན་ལ་སྙེག་རྒྱུ་འདི་འདུག་བསམ་རྒྱུ་མེད་པའི་འབྲེལ་མེད་ཀྱི་ཚིག་འཁྲི་སྐམ་པོའི་བརྒལ་བརྟག་ཁོ་ན་ལ་མ་སོང་བར། རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་འགྲེལ་བའི་སྐབས་རྣམས་སུ། གྲུབ་མཐའ་བཞིའི་འདོད་ལུགས་ཀྱི་རིམ་པ་ཐམས་ཅད་ལུང་རིགས་གཉིས་ཆར་གྱིས་བརྒལ་བར་བྱས་ཏེ། སྐབས་ཀྱི་གྲུབ་མཐའི་འདོད་ཚུལ་གསལ་པོར་གཏན་ལ་ཕབ་པར་མཛད་ཅིང་། ཉན་པ་པོས་གང་དྲིས་ཀྱང་བློ་ལ་གྲུབ་མཐའ་སོ་སོའི་བཞེད་དགོངས་མ་ནོར་བ་བདེ་བླག་ཏུ་སྐྱེལ་ཐུབ་པ་སྟེ། དེ་ནི་གང་གིས་གསུང་བཤད་དང་ཞུ་གཏུག་བྱེད་པའི་བབ་ལ་ལེགས་པར་བརྟག་ན་དེ་ལྟར་དུ་ཆེས་གསལ་བར་བྱེད་ནུས་པ་ཡོད་དོ། །རྩོམ་པའི་ཡོན་ཏན་ནི། ལེགས་བཤད་རྩོམ་པའི་རྒྱུ་གསུམ་ཡོངས་སུ་ཚང་བས་རྩོམ་པ་ལ་ཐོགས་པ་མེད་པའི་རྣམ་དཔྱོད་ཀྱི་རྩལ་མངའ་བ་ལགས་ཀྱང་། དེང་སང་མཁས་གྲུབ་ཚད་ལྡན་གོང་མ་རྣམས་ཀྱི་གསུང་འབུམ་རི་བོ་ལས་དཔངས་མཐོ་བར་ཙམ་བཞུགས་པ་དེ་ཀུན་ལ་བཀུར་སྟི་དང་། ཀློག་པ་དང་། ལྟ་བ་དང་།འཆད་ཉན་བྱེད་བ་ལྟ་ཅི། གྱོན་ཆས་བཟང་པོ་ཙམ་གྱི་འདུ་ཤེས་འཇོག་ཤེས་མཁན་ཡང་དཀོན་ཞིང་རྡུལ་དང་ཐིགས་ཟག་གི་ཁྲོད་དུ་བསམ་མི་ཕོད་པ་བྱས་ཏེ་བཞུགས་པས། གསར་རྩོམ་གྱི་ཆོས་རྣམས་ལ་དགོས་པ་ཆུང་བར་གཟིགས་ནས་བསྐུལ་བ་པོ་བྱུང་རུང་བསྐུལ་དོན་ཞལ་གྱིས་མི་བཞེས་པའི་སྟབས་ཀྱིས་གསུང་རྩོམ་ཆེ་རབ་མི་བཞུགས་ཀྱང་། ལྗགས་རྩོམ་ཐོར་བུའི་རིགས་བུ་སློབ་རྣམས་ལ་ཞལ་གདམས་དང་། བླ་ཆེན་རྣམས་ལ་བརྟན་བཞུགས་རྩོམ་འབུལ་བྱས་པ་རྣམས། ཐོལ་བྱུང་གི་ཉམས་དང་ལྡན་ཞིང་། ཚིག་གི་བརྗིད་ཆགས་པ། དོན་འདུས་ཆེ་བ། བལྟས་ཙམ་ནས་གོ་སླ་བས། དོ་ཧ་དང་། གྲུབ་ཐོབ་གོང་མའི་གསུང་རྣམས་རྗེས་སུ་དྲན་པ། ཞིབ་ཏུ་བརྟག་ན༑ སྙན་ངག་དང་མངོན་བརྗོད་ཀྱིས་བཅིངས་པ་བས་ཀྱང་ཆེས་དཀའ་བར་སོང་ནས། ལུང་དང་རིགས་པས་ལེགས་པར་མ་དཔྱད་ན་ཚིག་དོན་ཕན་ཚུན་འབྲེལ་སྦྱོར་མི་ནུས་པ་རྒྱ་གར་གྱི་གཞུང་ཆེན་མོའི་ཁྱད་ཆོས་དང་ལྡན་པ་ཡིན་ནོ།། དེས་ན་འདིའི་ཡོན་ཏན་གྱི་སྙན་པ་དང་། མཛད་པ་བཟང་པོ་རྒྱ་དཀར་ནག་ཀུན་ཏུ་ཉི་ཟླ་ལྟར་གྲགས་ཤིང་ཁྱབ་པ་དེ་ཡང་། དེང་སང་བོད་ན་སྟབས་ལེགས་སྟེས་དབང་གིས་གྲགས་འུར་ཐོབ་པ་དེ་འདྲ་མ་ཡིན། མཁས་དང་གྲུབ་པ་རྣམས་ཀྱིས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བརྟགས་ནས་སྐྱོན་མེད་ཡོན་ཏན་དང་ལྡན་པར་མཐོང་ཞིང་གོང་དུ་བསྐུལ་ཏེ་གྲགས་པ་ཞིག་ཡིན། གཞན་ཡང་བླ་མ་ཁ་ཅིག་ཡོན་ཏན་ཆེའང་སྐུ་ཚེ་མཐར་མ་ཕྱིན། ཁ་ཅིག་སྐུ་ཚེ་རིང་ཡང་བསྟན་འགྲོའི་གསོས་སུ་གྱུར་པའི་འཕྲིན་ལས་ལ་ཆེ་རྒྱུ་མེད་པ་དེ་འདྲ་མཆིས་ཀྱང་། དམ་པ་འདི་ཉིད་ནི་སྐུ་ཚེ་དང་མཛད་ཕྲིན་སོགས་ཡོན་ཏན་གྱི་ཆ་གང་ལ་དཔག་ཀྱང་། རྒྱལ་བསྟན་ནུབ་ལ་ཉེ་བའི་སྐབས་འདིར་སངས་རྒྱས་དང་བྱང་ཆུབ་སེམས་ཆེན་པོ་ཞིག་གི་སྤྲུལ་པ་དངོས་སུ་བྱོན་པ་ཡིན་པར་ཐག་ཆོད། ཕྱིས་སུ་བོད་གངས་ཅན་གྱི་ལྗོངས་ན། བསྟན་པའི་མེ་རོ་རྨང་ནས་གསོས་ཤིང་ལུང་རྟོགས་ཀྱི་བསྟན་པའི་སྒྲོན་མེ་ཆེས་ཆེར་སྦར་བ་བྱེད་པ་འདི་འདྲ་བ་ནི། ཕལ་ཆེར་མ་བྱོན་པའི་ཚུལ་དཔྱོད་ལྡན་གཟུར་གནས་རྣམས་ཀྱིས་རྗེ་ཉིད་ཀྱི་ངོ་མཚར་བའི་རྣམ་ཐར་དང་། ཕྲིན་ལས་ལ་ལེགས་པར་བརྟགས་པས་ཤེས་ནུས་སོ། དེས་ན་བདག་གིས་ནི། རིས་མེད་ཚད་ལྡན་གྱི་སྐྱེས་བུ་རྣམས་ཀྱི་རྣམ་པར་ཐར་པ་གང་ལ་བལྟས་ཀྱང་དེ་ཐམས་ཅད་བླ་ན་མ་མཆིས་པའི་ངོ་མཚར་གྱི་མངའ་བདག་ཅན་དུ་མཐོང་མོད། འོན་ཏེ་དམ་པ་འདི་ཉིད་ཀྱང་མངོན་རྟོགས་ཀྱི་ཡོན་ཏན་རྣམས་དེ་ལས་མི་དམན་པས། བླ་མ་གཞན་ལ་ཡིད་སྨོན་དང་། འགྲམ་ཆུ་ལྡང་མ་དགོས་པ་ནི་རྒྱུ་མཚན་ཤེས་པ་རྣམས་ལ་བཤད་མི་དགོས་པ་ཞིག་གོ་སྙམ། དེའང་བླ་མའི་ཡོན་ཏན་ནི་གཙོ་བོར་འཕགས་ས་མངོན་སུམ་མཛད་པའི་སྤངས་རྟོགས་ལ་འཇོག་དགོས་ཀྱང་དེ་ཕལ་པའི་སྤྱོད་ཡུལ་དུ་མི་འགྱུར་བས། འདིར་ནི་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཡང་ལུས་ངག་གི་རྟགས་ལས་རྗེས་སུ་དཔག་སྟེ་ཤེས་ནུས་པར་གསུངས་པ་ལྟར་ཐུན་མོང་དུ་སྣང་བའི་ཡོན་ཏན་ཆ་ཤས་ཙམ་ཞིག །ཚུལ་མཐོང་བྱིས་བློའི་དད་པ་འཕེལ་བའི་གསོས་སུ་འགྱུར་བའི་ཆེད་དུ་རང་བཞིན་བརྗོད་པ་ཡིན་ནོ། །
རྗེ་འདིའི་སློབ་མ་ནི། གདན་ས་ཆེན་པོ་འདི་ག་ནས་སྦྱངས་པ་མཐར་ཕྱིན་ཏེ་གཞུང་ལུགས་མདོ་སྔགས་རབ་འབྱམས་ཀྱི་ཚུལ་ལ་བཤད་པ་རང་རྐང་འཕེར་ངེས་ཀྱི་སློབ་མའི་གཙོ་བོ་མཁན་པོའི་དངོས་མིང་འཛིན་པ་རྣམས་ནི། བཀྲ་ཤིས་བསྟན་པ་རབ་རྒྱས། ཁོང་ནི་སྤྱི་ལོ་ ༡༩༩༣ ལོར་ཁྲོ་རུ་ཚེ་རྣམ་མཆོག་གི་དགོངས་བཞེད་ལྟར་ཁྲོ་རུ་དགོན་དུ་ཕེབས་ནས་ལོ་ངོ་གཉིས་ཀྱི་རིང་ལ་ཀུན་མཁྱེན་པད་དཀར་གྱི་སྤྱོད་འཇུག །ཀརྨ་པ་མི་བསྐྱོད་རྡོ་རྗེའི་འཇུག་ཊཱིཀ་སོགས་ཀྱི་བཤད་པ་གནང་། ཕྱིས་ཅོག་གྲྭ་བརྒྱད་པ་ངག་དབང་བསྟན་འཛིན་ཆོས་ཀྱི་སེང་གེ་མཆོག་གི་ཐུགས་བཞེད་ལྟར་གྲྭ་སྡིངས་ཆེ་དོན་གྲུབ་མཐོང་སྨོན་དགོན་དུ་གདན་དྲངས་ནས་མཁས་པའི་བྱ་བ་གསུམ་གྱིས་རྒྱལ་བསྟན་ཉིན་མོ་ལྟར་མཛད་ནས་ད་ལྟ་བཞུགས་བཞིན་པའོ། །རྡོ་རང་ཕྲིན་ལས་རྡོ་རྗེ། ཁོང་ནི་སྤྱི་ལོ་ ༡༩༩༦ ལ་འཛི་སྒར་དགོན་གྱི་མཁན་པོར་མངའ་གསོལ་ནས། ད་ལྟ་འདི་ཕྱོགས་ཀྱི་ས་དཀར་འབྲུག་གསུམ་གྱི་གཙོས་དགོན་སྡེ་རིས་མེད་ཀྱི་བླ་གྲྭ་དུ་མ་ལ། རྒྱ་གཞུང་བཅུ་གསུམ་དང་དམ་པ་གོང་མ་དུ་མའི་གསུང་འབུམ་གྱི་བཤད་ཁྲིད་ཟབ་མོའི་སྒོ་ནས། དཔལ་ལྡན་འབྲུག་པའི་བཤད་སྒྲུབ་ཀྱི་ཆུ་འགོ་གཅིག་པུ་དང་། མངོན་གསལ་བསྟན་དང་འགྲོ་བར་ཕན་བདེའི་འབྱུང་གནས་ཞིག་ཏུ་གྱུར། །སྟོང་ཚ་དབང་ཆེན་སྟོབས་རྒྱལ། ཁོང་ནི་དཔལ་ཆེན་དགོན་གྱི་མཁན་པོའི་གོ་སར་བཞུགས་ནས་དད་འདུས་ཀྱི་སློབ་ཚོགས་ཀུན་ལ་འབྲུག་ལུགས་གཙོར་འདོན་གྱི་བཤད་པའི་སྒོ་ལེགས་པར་ཕྱེས། ལོ་བརྒྱ་དགེ་ལེགས་དར་རྒྱས། ཁོང་ནི་འཇོ་ཕུ་དགོན་གྱི་བཤད་གྲྭའི་མཁན་པོར་མཛད་ནས་ཕྱོགས་འདུས་ཀྱི་བུ་སློབ་རྣམས་ལ། ཆོས་ཀྱི་སྒྲོན་མེ་ཆེན་པོ་བསྟན་པའི་བཙས་སུ་ཅི་ཡང་སྦར། བསོད་ནམས་བཀྲ་ཤིས། ཁོང་ནི་འཕགས་ཡུལ་ནས། འཛི་སྒར་བཤད་གྲྭའི་ལེགས་བཤད་ཅི་དགར་སྤེལ་བའི་བྱེད་པོར་དབང་བསྐུར་ནས་སློབ་བུ་རྣམས་ལ་བཤད་ཁྲིད་མཛད་བཞིན་པའོ། །དེ་ལ་སོགས་པ་ད་ལྟ་ཆོས་ཀྱི་རྒྱལ་ཚབ་ཆེན་པོར་དབང་བསྐུར་བ་ཐོབ་པ་རྣམས་དང་། སྐྱོར་དཔོན་གྱི་མིང་འཛིན་པའང་། ཚེ་བྷྲཱུྃཿདགོན་གྱི་སྤྲུལ་སྐུ་རྡོ་རྗེ་ཚེ་རིང་མཆོག་དང་། ཀརྨ་དགོན་གྱི་བཙུན་པ་རྣམ་སྲས་བསོད་ནམས། འཛི་གྲྭ་འཆི་མེད་སྟོབས་རྒྱལ། དཔལ་ཆེན་དགོན་ཧ་དགེ་ཆོས་རྣམ། འཛི་གྲྭ་འཇམ་དབྱངས་ཉི་མ། དངོས་གྲུབ་ཕུན་ཚོགས། སྐལ་བཟང་རྡོ་རྗེ། བསོད་ནམས་རྡོ་རྗེ་སོགས་དོན་ལ་མནོ་བསམ་ནུས་པའི་བློ་ལྡན་ཤ་སྟག་དང་། དངོས་ངན་བདག་ལ་ཡང་། དེ་དག་དང་འདྲ་བར་ཕར་བཞག་དེ་དག་གི་ཡོན་ཏན་བ་སྤུའི་ཆ་ཕྲ་མོར་ཡང་མི་མཉམ་རུང་། མཁས་དབང་དམ་པ་ཉིད་ཀྱིས་བདག་ལྟ་བུ་རྗེས་སུ་བཟུང་བའི་ཐབས་མཁས་ཐུགས་རྗེས་བསྐྱངས་ཏེ། སྐྱོར་དཔོན་གྱི་མིང་ཁྲལ་ཕོག་པ་ནི། སྦྱོང་རྩོལ་ཞན་པ་ལ་སྐུལ་བའི་རྐྱེན་ཙམ་ལས་གཞན་མ་མཆིས། གཞན་ཡང་རྒྱ་བོད་ཀྱི་སྐྱེས་བུ་དམ་པ། སྐྱབས་ཆེ་སྤྲུལ་སྐུ་བཀྲ་ཤིས་ནོར་བུ། བན་ཆེན་སྤྲུལ་སྐུ་ལྷ་རྒྱལ་བ། གུ་ཕུ་ཚེ་ཆོག་སྤྲུལ་སྐུ་སོགས་དང་། མཁས་པའི་གོ་སར་བཞུགས་པ་དམ་ཆོས་ཟླ་བ། བསྟན་འཛིན་ཕུན་ཚོགས། སྐྱོག་བྲག་དགའ་དབང་སོགས་ཀྱང་ཆེད་དུ་ཕེབས་ནས་སྒོ་གསུམ་གུས་པས་ཡུན་རིང་དུ་བསྙེན་པར་མཛད། གཞན་ཡང་རྒྱུ་འབྲས་ལ་ཡིད་ཆེས་རྙེད་ནས་ཐེམས་སྤང་འདག་སྦྱར་བྱེད་པའི་སྒྲུབ་པ་བ་དང་། འཇིག་རྟེན་འདི་ཡི་ཕྱི་ཚིས་བོར་ནས་ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་བྱ་བཏང་དང་། ཆོས་འབྲེལ་ཐོབ་པས་ངན་སོང་གི་ལམ་རྒྱུན་ཆད་པའི་གདུལ་བྱ་སྐལ་ལྡན་སྐྱེ་བོ་ཕོ་མོ་རྩིས་ལས་འདས་པ་བྱུང་བ་སྟེ་མདོར་བསྡུས་པའི་རྣམ་པར་ཐར་པ་རྫོགས་སོ། །
དེའང་བདག་ལྟ་བུ་ཤིན་ཏུ་མ་སྦྱངས་ལ་མི་མཁས་ཤིང་། མ་བསྡམས་པའི་སོ་སྐྱེ་ཉམ་ཆུང་བསྟན་པའི་ཁུར་མི་ཐེག་པ་ཞིག་གིས་སྐབས་སུ་མ་བབ་པའི་བྱ་བ་རླབས་ཆེན་བརྩམ་པའི་འོས་སུ་མ་གྱུར་ཀྱང་། ད་ལྟའི་མཁས་གྲུབ་དག་ནི་ཅང་མི་སྨྲ་བར་རང་ཚུལ་སྦས་ཏེ་བཞུགས་པ་ལས། འདི་ལྟ་བུ་ལ་དགོངས་པ་གཏད་སྲོལ་མི་འདུག་ཅིང་དེས་ན་མཁན་རིན་པོ་ཆེ་འདི་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པར་བྱ་བའི་ཕྱིར་དང་། གཞན་ལའང་བསྐུལ་མ་བྱེད་པའི་རྐྱེན་ཙམ་དུ་དམིགས་ནས་དཔལ་འབྲུག་པའི་བསྟན་པ་ལ་ཅུང་ཟད་དད་པ་ཐོབ་པའི་དགེ་སློང་ཀརྨ་དགེ་ལེགས་རྒྱ་མཚོས། སྤྱི་ལོ་ ༡༩༩༩ བོད་རབ་བྱུང་ ༡༧ པ་ས་མོ་ཡོས་ཀྱི་ལོ། བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་སངས་རྒྱས་པའི་དུས་ཆེན་ས་ག་ཟླ་བའི་ཚེས་ ༡༥ ལ། མཁས་གྲུབ་མཐའ་ཡས་པའི་འབྱུང་གནས་སུ་གྱུར་པ། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཆེན་པོ་དང་ཚུལ་མཚུངས་པ་འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་གླིང་ཞེས། མདོ་སྨད་ཀྱི་བསྟན་པའི་བྱེད་པོར་དབང་བསྐུར་བའི་ཆོས་སྡེ་ཆེན་པོར་སྦྱར་བ་འདིས་ཀྱང་ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།