༄༅། །མཁན་ཆེན་འཇམ་དཔལ་དོན་བརྒྱུད་ཉི་མའི་རྣམ་པར་ཐར་པ་དད་པའི་སྒོ་འབྱེད་ཀྱི་ཁ་སྐོང་བཞུགས་སོ།།(༢)

༄། །ན་མོ་གུ་རུ། རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོ་རྣམས། །ཚད་མེད་ཐུགས་རྗེའི་མཐུ་ལ་མངའ་བརྙེས་པས། །བདག་ཅག་གདུལ་ཕྱིར་བླ་མའི་ཚུལ་བཟུང་བ། །ལམ་སྟོན་དགེ་བའི་བཤེས་ལ་གུས་ཕྱག་འཚལ། །དོན་དུ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཏེ། །ཡོན་ཏན་སངས་རྒྱས་རྣམས་དང་མི་གཉིས་ཀྱང་། །མཐའ་འཁོབ་དམུ་རྒོད་འདུལ་ལ་ཆེས་དཔའ་བས། །བཀའ་དྲིན་སངས་རྒྱས་ཀུན་གྱིས་བསྒྲུན་དུ་མེད། །དེ་ཕྱིར་རྒྱལ་དང་རྒྱལ་སྲས་རྣམ་ཐར་ལྟར། །བསམ་གཏན་བཞི་དང་གོ་འཕང་མཆོག་གྲུབ་ཀྱང་། །བློ་སྟོབས་བཟང་པོ་སྤྱོད་ཀྱི་རྗེས་སོང་བས། །གདུལ་བྱའི་མོས་ངོར་མི་རུ་སྣང་བར་ངེས།། ཟླ་བྲལ་ཐུགས་བསྐྱེད་དཔུང་པ་བརྟན་པོ་ཡིས། །དགེ་ལེགས་ཚོགས་གཉིས་རྒྱ་མཚོ་བསྲུབས་པ་ལས། །དུས་ངན་མུན་པ་བདོ་བའི་སྐབས་འདིར་ཡང་། །ཞི་བསིལ་ཆོས་ཀྱི་འོད་དཀར་ཅི་ཡང་སྤྲོས། །ལྷག་པར་དོན་བརྒྱུད་བསྟན་པའི་སྐྱེད་ཚལ་དུ། །ལེགས་བཤད་ཉི་མའི་འོད་ཟེར་འབུམ་བརྡལ་བས། །ལུང་རྟོགས་བཅུད་ལ་འཛིན་སྐྱོང་སྤེལ་མཁས་པའི། །སློབ་ཚོགས་བུང་བའི་ཁྱུ་ཆེན་བསྐྲུན་པར་བྱས། །ཀྱི་ཧུད་ཉི་མ་ཤར་ནས་ནུབ་པ་འདི། །འདུས་བྱས་ཆོས་ཀྱི་རང་བཞིན་ཡིན་མོད་ཀྱང་། །སླར་ཡང་མཇལ་དུ་མེད་པའི་སྣང་ཚུལ་ལ། །བསམ་བཞིན་མྱ་ངན་མུན་པ་གཏིང་ནས་ལྡང་། །འཕྲལ་སྐྱེས་ངེས་འབྱུང་གསར་པས་སེམས་བསླུས་ནས། །ཐག་རིང་གནས་སུ་སྒྲུབ་ལ་རིངས་པའི་སྐབས། །བརྩེ་བའི་ཞལ་ཏ་དང་བཅས་ལོ་གསུམ་རྗེས། །ཡང་བསྐྱར་མཇལ་འོང་གསུངས་ཀྱང་རྨི་ལམ་ཙམ། །ཀྱེ་མ་ཀྱི་ཧུད་སྣང་ཤས་སྐྱོ་བ་ལ། །བསམ་ཞིང་བསམ་ཞིང་བླ་མ་ཁོ་ནར་དྲན། །མིག་མཐའ་མཆི་མས་འཁོར་བའི་ཟུར་ཞིག་ནས། །མ་བཅོས་བླ་མའི་ཞལ་རས་ཝལ་ཝལ་འཆར། །མགྲིན་པར་དབུགས་རྒོད་བརྩེགས་པའི་བར་གསེང་ནས། །མ་བསྐུལ་གདུང་བའི་སྨྲེ་སྔགས་དབང་མེད་འཆོར། །འོན་ཀྱང་བཀའ་དྲིན་ཆོས་ཀྱིས་བསབ་པའི་ཕྱིར།། ཅི་ནུས་ཐོས་བསམ་སྒོམ་ལ་འབད་སྙམ་པའི། །སྐྱེ་བའི་སེམས་གསོ་ནང་ནས་རྙེད་པ་འདི། །དཔལ་ལྡན་བླ་མའི་བྱིན་རླབས་ཆ་ཙམ་མོ། །བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པ་ཡི། །ཉམས་མྱོང་ངོ་མཚར་ཅན་དེ་མི་འདུག་ཀྱང་། །བླ་མའི་བཀའ་དྲིན་ཚོར་བའི་ངེས་ཤེས་ལ། །ནམ་ཡང་གཡོ་བ་མེད་དོ་གྲོགས་པོ་རྣམས། །ཞེས་བླ་མའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པའི་གདུང་ཚིག་སྙིང་གི་ཕོ་ཉ་སྔོན་དུ་བཏང་ནས།
དེ་ཡང་སྤྱི་ལོ་༼༢༠༠༠༽བོད་རབ་གནས་ལྕགས་འབྲུག་ལོར། འཛི་སྒར་དུ་བཤད་གྲྭ་ཐེངས་བཞི་པ་སྔར་བཞིན་དབུ་ཚུགས། མཁན་རིན་པོ་ཆེ་སྐུ་ན་ཆེར་སྨིན་ཡང་། ལོ་གཅིག་ལྷག་རིང་སྔོན་ལྟར་དབུར་བཞུགས་མཛད། དེ་ནས་མཁན་པོ་འཆི་མེད་སྟོབས་རྒྱལ་ལ་བཤད་གྲྭའི་ཐུགས་འགན་ཆ་ཚང་གནང་ནས་ཟུར་དུ་བཞུགས། མཁན་པོ་འཆི་མེད་མཆོག་གིས་ཀྱང་འཕྲོས་ཀྱི་ལོ་གསུམ་ཙམ་རིང་དཔེ་ཁྲིད་དང་། རྩོད་ཁྲིད་གནང་། གཟིམ་ཆུང་དུ་ཟུར་བཞུགས་མཛད་པའི་རིང་ཡང་ཁྲིད་ལུང་དབང་གསུམ་སོགས་གང་ལ་གང་འདོད་བཞིན་རྟག་འགྲུས་སུ་གནང་ཞིང་། སྤྱི་ལོ་༼༢༠༠༤༽ཤིང་སྤྲེལ་ལོར་བཤད་གྲྭ་ཐེངས་ལྔ་པ་ཚུགས་པས། མཁན་པོ་ལས་ཐོག་པ་མཁན་པོ་སྐལ་བཟང་རྡོ་རྗེ་བསྐོ་བཞག་མཛད། ལོ་དེར་བཀའ་བརྒྱུད་དགུན་ཆོས་ཆེན་མོ་ནང་ཆེན་ལ་གསར་དུ་དབུ་ཚུགས་པས། ཚོགས་དབུ་ལ་གདན་ཞུས་ལྟར་ཕེབས། ཤིང་བྱ་ལོར་གསེར་རྟ་མཁན་པོ་འཆི་མེད་རིག་འཛིན་དང་། འཇོ་ཕུ་མཁན་པོ་བློ་ཕྲིན། དཀར་གཡང་སོགས་ལ་རྒྱུད་བརྟག་གཉིས་ཀྱིས་མཚོན་པའི་མདོ་སྔགས་ཀྱི་བཀའ་ཆོས་མང་དུ་གནང་། ཆོས་ལ་ངོམས་པ་མེད་པར་དགུང་ལོ་གྱ་གསུམ་ལ་ཕེབས་པའི་མེ་ཁྱི་ལོར་ནང་ཆེན་དུ་ཕེབས་ནས། སྐྱབས་རྗེ་ཨ་ལྡེའུ་རིན་པོ་ཆེའི་མདུན་ནས་དཀྱིལ་ཆོག་རྡོ་རྗེ་ཕྲེང་བའི་སྨིན་དབང་ཞུས་པས་མཚོན་དུས་ཕྱིས་སུའང་བཀའ་ཆོས་མང་པོ་ཞིག་གསན་བཞེས་གནང་མཛད་དོ།། མདོར་ན། མངོན་རྟོགས་རྒྱན་ལས། ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང་། །སངས་རྒྱས་ཞིང་ཀུན་སྦྱོང་བ་དང་། །འཁོར་བས་ཡོངས་སུ་མི་སྐྱོ་དང་། །ངོ་ཚ་ཁྲེལ་ཡོད་ཅེས་བྱ་བ། །རློམ་མེད་བདག་ཉིད་དེ་རྣམ་ལྔ། །ཞེས་ས་གསུམ་པའི་ཡོངས་སྦྱོང་དུ་གསུངས་པ་རྣམས་ཀྱང་བླ་མའི་མཛད་རྗེས་དེ་དག་ལ་ཚང་ཡོད། འོན་ཀྱང་དེང་སང་གི་སྐྱེ་བོ་མང་ཆེ་བའི་སེམས་ལ། འཕགས་པའི་ས་ཐོབ་པའི་གང་ཟག་ཡིན་ན། དབུ་ལ་གཙུག་ཏོར། ཞབས་ལ་འཁོར་ལོ་ཡོད་དགོས། ཡང་ན་དབུ་ལ་གསེར་ཞྭ། ཞབས་ལ་གསེར་ཁྲི་ཡོད་དགོས་ཀྱི། བན་རྒན་དབུ་དཀར། ཞབས་སྙུང་ཅན། ན་བཟའ་རྙང་རྙིང་གྱོན་པ་འདི་འདྲ་ག་བ་ཡིན་སྙམ་ངེས་པས། གཏམ་དེ་འདྲ་ནི་གཞན་གྱི་རྣ་བར་འགྲོ་དཀའོ། །དེ་ལྟར་དུས་འགྱུར་མི་བཟད་པའི་ནང་འོ་བརྒྱལ་མྱངས་མཐར་སླར་ཡང་བསྟན་པའི་ཁུར་ཆེན་པོ་བདག་གིར་མཛད་ནས་བསྟན་པ་ལ་བྱ་བ་བྱས་པའི་མཛད་རྣམ་དེ་དག་ནི། དུས་རབས་ཉི་ཤུ་པའི་ནང་འདིར་སངས་རྒྱས་ཀྱི་བསྟན་པ་ཉམས་ཉེས་སུ་གྱུར་ཏེ། བསྟན་པའི་བར་ཁུགས་ཡ་ང་བ་ཞིག་བྱུང་བའི་སྐབས། སླར་ཡང་བསྟན་པ་རྨང་ནས་གསོས་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་ཡིན་ལ། ཆོས་དང་ཆོས་མིན་གཉིས་གཡུལ་འགྱེད་དྲག་པོ་ཞིག་བྱས་པའི་མཐར། ཆོས་མིན་གྱི་ཚོགས་ལ་ཕམ་ཁ་ཆེན་པོ་ཞིག་སྟེར་བའི་མཚོན་རྟགས་ཤིག་ཀྱང་ལོས་ཡིན།
སྤྱི་ལོ་༼༢༠༠༨༽ས་བྱི་ལོའི་དབྱར་ཀར། མཁན་སྤྲུལ་བླ་མ་རིན་པོ་ཆེ་རྣམ་པ་གསུམ་དབུར་བཞུགས་ཏེ། རང་དགོན་གྲྭ་མང་ཡོངས་རྫོགས་ལྷན་འཛོམས་ཀྱིས་ཐུགས་སྤྲོ་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་མཛད། ལོ་དེའི་དགུན་དུས་སུ་སྤྱན་མི་གསལ་བ་ཙམ་ལས་སྙུང་གཞི་ཆེ་རིགས་མེད་ཀྱང་། རྒྱ་ནག་ཏུ་སྙུན་བཅོས་སུ་ཕེབས་བཞེད་གནང་བས། སྤྲུལ་སྐུ་རིན་པོ་ཆེ་ནས་མ་ཕེབས་ན་ལེགས་ཚུལ་ཞུས་ཀྱང་གསན་མི་འདུག །ནམ་རྒྱུན་ཡིན་ན་སྐག་ཐོག་ལ་ཐུགས་ཟོན་མཛད་ཀྱང་། ད་རེས་གང་ལའང་མ་གསན། གང་གིས་ཀྱང་མ་བཟློགས་པར་རྒྱ་ནག་ཏུ་ཕེབས་དགོས་གསུངས་ཏེ། སྐུ་འཁོར་ཉུང་ཤས་བཅས་ཆབ་མདོ་ནས་མཁའ་ལམ་བརྒྱུད་ཁྲིན་ཏུ་དང་། དེ་ནས་པེ་ཅིང་ལ་ཕེབས་ནས་སྙུན་བཅོས་གནང་། གཞན་ཡང་ཕྱོགས་གང་སར་ཕེབས་ཤིང་གནས་མཇལ་དང་ཆོས་འབྲེལ་མཛད། ཐུགས་སྨོན་ཡང་ཡང་གནང་ཞིང་། སླར་མཁའ་ལམ་བརྒྱུད་ཆབ་མདོར་ཕེབས། བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔའི་སྔོན་ཙམ་དུ་དགོན་པར་ཕེབས་གྲུབ་པའི་ཐུགས་བཞེད་མཛད་འདུག་ཀྱང་དེ་ལྟར་མ་བྱུང་བར་ཟླ་བ་དེའི་ཚེས་ ༢༥ ཉིན་འཇོ་མདའ་རུ་ཕེབས་ཤིང་། མི་ཚང་ཞིག་ལ་ཁྲུས་གསོལ་མཛད་འཕྲལ་གློ་བུར་དུ་སྙུང་གཞི་བཞེས་ཏེ། སྨན་དཔྱད་འབུལ་བའི་ལོང་ཡང་མ་བྱུང་ནས་དགོངས་པ་གཞན་དོན་དུ་གཤེགས་སོ། །དེ་ལྟར་མཛད་པ་མཐའ་མའི་སྐབས་འདིར་གང་གིས་བཟློག་མ་ནུས་པར་རྒྱ་ནག་ཏུ་བྱོན་ཅིང་། སླར་བོད་དུ་ཕེབས་འཕྲལ་སྐུ་གཤེགས་པ་འདི་ནི། གངས་ལྗོངས་ཀྱི་ཞིང་འདིར་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ། མི་རིགས་གཞན་གྱི་གནས་དང་གདུལ་བྱ་ལ་འབྲེལ་ཚད་དོན་ལྡན་མཛད་རྗེས། ཞིང་གཞན་དང་གཞན་ལ་འགྲོ་དོན་ཆེ་བའི་བརྡ་ལྟ་བུ་ཞིག་བྱུང་འདུག་སྙམ། རིང་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ལ་ཐུགས་རྒྱུད་ཆེས་གོམས་པའི་སྟབས་ཀྱིས་དག་པའི་ཞིང་ཁོ་ནར་ཡང་མི་བཞུགས་པར། སངས་རྒྱས་ཀྱི་བསྟན་པས་མ་ཁྱབ་པ་དང་། ཁྱབ་ཀྱང་ཉམས་པའི་ཞིང་མ་དག་པ་དུ་མ་ཞིག་ཏུ་སླར་ཡང་སྲིད་པའི་ཚུལ་བཟུང་ནས་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པར་ཐེ་ཚོམ་མེད་དོ། །
དེ་ནས་འཕྲལ་མར་སྐུ་པུར་དགོན་པའི་ནང་དུ་གདན་དྲངས་ཤིང་། ཐུགས་དམ་ཞག་བདུན་ཕྲག་དུ་མར་བཞུགས་པ་དང་། གདུང་མཇལ་ཞུ་མི་དང་། དགེ་རྩ་ཁས་ལེན་ཞུ་མཁན་ཧ་ཅང་མང་པོ་བྱུང་། སྤྲུལ་སྐུ་རིན་པོ་ཆེ་དང་། བླ་མ་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་དབུ་བྱས་པའི་མཁན་སྤྲུལ་བླ་གྲྭ་མང་པོས་དཔལ་ལྡན་བླ་མ་མཆོད་པའི་ཆོ་ག་དང་འབྲེལ་སྐུ་ཚིགས་ཞེ་དགུའི་བར་ཀུན་བཟང་མཆོད་པའི་སྤྲིན་ཕུང་རྒྱུན་མ་ཆད་པར་བསྟར། སྤྱི་ལོ་༼༢༠༠༩༽བོད་ས་གླང་ལོའི་བོད་ཟླ་གཉིས་པའི་བོད་ཚེས་ ༡༥ ཉིན་མཆོད་པའི་རྣམ་གྲངས་དུ་མ་བཅས་སྐུ་གདུང་རིན་པོ་ཆེ་པུར་ཁང་དུ་གདན་དྲངས་ནས། རང་དགོན་གྱི་བླ་སྤྲུལ་མཁན་སློབ་རྣམས་ཀྱིས་ཞུགས་འབུལ་ཆོ་ག་ཞིབ་རྒྱས་ཞུས་པས། སྙན་པའི་སྒྲ་སྐད་དང་། ཚོར་མ་མྱངས་པའི་དྲི་ཞིམ་ལྡང་བ་སོགས་ངོ་མཚར་བ་ཅི་ཡང་བྱུང་། དེ་ནས་ཞག་གསུམ་བར་པུར་ཁང་འདག་སྦྱར་གནང་རྗེས་ཞལ་ཕྱེས་པས། ཐུགས་ལྗགས་ལ་མེ་སྐྱོན་མེད་པར་བཞུགས་པ་མ་ཟད། ཆེས་ངོ་མཚར་བ་དང་ཡ་མཚན་པ་སྐྱེ་འོས་པ་ནི་རིང་བསྲེལ་ཡུངས་ཀར་ཙམ་དང་། སྲོ་མ་ཙམ་ཁ་དོག་དཀར་སེར་སོགས་སྣ་ཚོགས་པ་ཅན་དཔག་ཏུ་མེད་པ་ཞིག་བྱོན་འདུག །
སྤྱིར་རིང་བསྲེལ་འབྱུང་བའི་རྒྱུ་མཚན་ཡང་། མཁས་པའི་གཞུང་རྣམས་སུ་བཤད་ཚུལ་ལ། བྱང་ཆུབ་སེམས་དཔའ་དང་། དགེ་སློང་ཚུལ་ཁྲིམས་གཙང་མ། སྟོང་ཉིད་རྟོགས་པའི་གང་ཟག །སྔགས་ཀྱི་ལམ་ལ་ཞུགས་ནས་གནད་ཚད་མཐོན་པོར་སླེབས་པ་སོགས་ཡིན་ན། དེའི་སྐུ་གདུང་ལས་རིང་བསྲེལ་བྱུང་བ་ཡོད་ཅིང་། དེ་ལ་མདོག་དཀར་པོ་དང་། ནག་པོ། དཀར་དམར། ལི་ཁྲི་བཅས་སྣ་ཚོགས་ཡོད་པར་གསུངས་འདུག །གཞན་ཡང་སྐུ་གདུང་རིགས་ལྔ་ཡང་ཡོད་པར་གསུངས་ཏེ། ཤའི་རྟེན་དུ་ཤ་རཱི་རམ་དཀར་སེར་རིན་པོ་ཆེའི་གདུང་སྟེ་ཡང་དག་གི་རྟེན་དུ་བཞག་པའོ། །ཁྲག་གི་རྟེན་དུ་ཆུ་རཱི་རམ་མཐིང་ག་རྡོ་རྗེའི་གདུང་སྟེ་སྲ་ཞིང་མཁྲེགས་པས་རྡོ་རྗེའི་གདུང་དུ་བཞག་པའོ། །རུས་པའི་རྟེན་དུ་བ་རཱི་རམ་སེར་པོ་རིན་པོ་ཆེའི་གདུང་དུ་བྱོན་ཏེ་རྒྱལ་ཚབ་ཉིད་ཀྱི་རྟེན་དུ་བཞག་པའོ། །ཡན་ལག་གི་རྟེན་དུ་ཉ་རཱི་རམ་ལྗང་ཁུ་ལས་ཀྱི་གདུང་སྟེ་ཤིན་ཏུ་སྲ་མཁྲེགས་ལས་ཀྱི་གདུང་དུ་བཞག་པའོ། །འབྱུང་བཞིའི་དྭངས་མ་ལ་པཉྩ་རམ་བྱོན་ཏེ་ཁ་དོག་ལྔ་ལྡན་དེ་བཞིན་གཤེགས་པའི་གདུང་དུ་བཞག་པའོ། །ཞེས་སོ། །མདོར་ན་རྗེ་རྒོད་ཚང་པས། སྟོང་ཉིད་སྙིང་རྗེ་ལྡན་ན་མེ་ཏོག་གི་ཆར་འབེབས། ཞེ་འདོད་མེད་པར་བདེན་པར་སྨྲ་ན་ལྗགས་བྱོན། གཡོ་སྒྱུ་དང་བྲལ་ཞིང་རྟོགས་པ་བརྟན་པས་ཐུགས་བྱོན། ཀུན་ད་བྱང་སེམས་བརྟན་པ་རིང་བསྲེལ་བྱོན། བསྐྱེད་རིམ་བརྟན་པས་སྐུ་བྱོན་པ་ཡིན་གསུངས་པ་ལྟར་རོ། །དེ་ནི་ཆོས་བཞིན་ཉམས་སུ་བླངས་པས་ཆོས་ནས་གསུངས་པའི་འབྲས་རྟགས་དངོས་སུ་མིག་གི་སྤྱོད་ཡུལ་དུ་གྱུར་པས། དེང་སང་བྱུང་རབས་ཀྱི་ལོ་རྒྱུས་ལ་མི་རྩི་བར། དངོས་མཐོང་ལག་ཟིན་གཙིགས་སུ་བྱེད་པའི་དུས་རབས་འདིར་ཆོས་དང་ཆོས་པའི་དབུ་འདྲེན་བླ་ན་མེད་པའི་ཞིག་མཛད་ཡོད། ཕྱིས་སྐུ་གདུང་རིང་བསྲེལ་དེ་དག་སྙིང་པོར་བཞུགས་པའི་གསེར་གདུང་མཆོད་རྟེན་མཐོང་གྲོལ་རིན་པོ་ཆེ་མཐོ་ཉེར་གསུམ་ཅན་ཞིག་ལྷོ་གྲོ་བོ་ལུང་གི་བླ་མ་ཉི་མ་རིན་པོ་ཆེའི་སྲས་ཀརྨ་གཞན་ཕན་མཆོག་གིས་བཞེངས་ཏེ། འཛི་སྒར་འདུ་ཁང་ཆེན་མོའི་ནང་དུ་བཞུགས་སུ་གསོལ་བ་དང་། བཤད་གྲྭའི་ནང་དུའང་སྐུ་ཚད་ཅན་གྱི་ཙནྡན་དམར་པོ་ལས་གྲུབ་པའི་འདྲ་སྐུ་ཞིག་ཀྱང་བཞེངས་པར་མཛད། དེ་བཞིན་མཁན་པོ་དགེ་ལེགས་དར་རྒྱས་མཆོག་གིས་གསེར་གདུང་མཐོ་བཅུ་གསུམ་ཅན་ཞིག་གསར་བཞེངས་མཛད་ནས་འཇོ་ཕུ་ཆོས་སྡེ་ལ་བཞུགས་ཤིང་། །ཡང་མཁན་པོ་བསོད་ནམས་བཀྲ་ཤིས་མཆོག་ནས་གསེར་གདུང་སྤུས་ལེགས་ཤིག་གདན་ས་འཛི་སྒར་བཤད་གྲྭ་རུ་བཞེངས་སོ། །
དེ་ལྟར་ནང་མཆེད་དམ་པ་མཁན་པོ་བཀྲིས་ཚེ་རྡོར་མཆོག་གིས་མཛད་པའི་སྤྱི་ལོ་༼༡༩༩༩༽ཡན་ཆོད་རྣམ་ཐར་གྱི་ཁ་སྐོང་མདོར་བསྡུས་འདིའང་། རྗེ་བླ་མ་གང་གིས་ཐུགས་བརྩེ་བ་ཆེན་པོས་བསྐྱངས་པའི་སློབ་འབངས་ཕྲིན་ལས་རྡོ་རྗེས། བལ་བོད་གཉིས་ཀྱི་སོ་མཚམས། རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་དང་འདབས་འབྲེལ་བའི་ལི་ཤིན་དཱིའི་ནགས་ཁྲོད། དཔལ་སྒྲུབ་སྡེ་ངེས་དོན་འོད་གསལ་གླིང་དུ་བྲིས་པ་ལས་སླར་སྙིང་པོ་བསྡུས་ཏེ། བོད་ཆུ་སྦྲུལ་༼༢༠༡༣༽ལོའི་བོད་ཟླ་ ༩ ཚེས་ ༢༥ འགྲོ་བའི་མགོན་པོ་ཆོས་རྗེ་གཙང་པ་རྒྱ་རས་པའི་འདས་མཆོད་ཉིན་གནས་མཆོག་རྡོ་རྗེ་གདན་དུ་བཀོད་པའོ།། །།