༄༅། །དོན་བརྒྱུད་བསྟན་པ་རྒྱས་པའི་སྨོན་ལམ་ཨུ་དུམ་ཝ་རའི་ཆུན་པོ་བཞུགས་སོ།།

༄། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡེ་ཤེས་རྡོ་རྗེ་ཞེས་ས་གསུམ་ན་སྙན་པར་གྲགས་པ་གང་གི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་ཡན་ལག་མཆོག་གིས་གཏུགས་ཏེ། དུས་དང་རྣམ་པ་ཐམས་ཅད་པར་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

          ཕུན་ཚོགས་དགེ་ལེགས་བྱེ་བས་རབ་བསྐྲུན་ཞིང༌། །རྒྱ་ཆེན་ཡོན་ཏན་ཕུང་པོའི་གཏེར་གྱུར་པའི། །འཇིག་རྟེན་དབང་ཕྱུག་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །མི་བཟད་བདུད་ཀྱི་དགྲ་ཐབས་བཟློག་དཀའ་བ། །སྙིང་སྟོབས་མཚོན་ཆ་རྣོན་པོས་ལེགས་འཇོམས་པའི། །ཕན་བདེའི་དཔུང་ཆེན་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཉི་འོད་ལན་བརྒྱར་འཐུང་བའི་པདྨོ་བཞིན། །ཡོན་ཏན་བདུད་རྩིའི་ཚོགས་ཀུན་རབ་རྒྱས་པའི། །ཉོན་མོངས་གདུང་སེལ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཞི་སྐུ་བསམ་གྱིས་མི་ཁྱབ་གསལ་གནས་ལས། །གཟུགས་སྐུའི་འོད་ཀྱིས་འགྲོ་བློའི་མུན་སེལ་བའི། །བསྟན་པའི་གཉེན་གཅིག་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །མཁྱེན་རབ་ཐུགས་རྗེའི་ཆ་ཤས་ཡོངས་རྫོགས་པས། །རྨད་བྱུང་ནུས་པའི་འོད་དཀར་འབུམ་ཕྲག་ཅན། །རྒྱུ་སྐར་དབང་པོ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །སྟོབས་བཅུའི་ལུས་གྲིམས་མི་འཇིགས་མཆེ་བ་བཞི། །མ་འདྲེས་ཆོས་ཀྱི་རལ་པས་རབ་མཛེས་པའི། །སྨྲ་བའི་སེང་གེ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཚོགས་གཉིས་རྩ་བ་རབ་བརྟན་ཕར་ཕྱིན་བཅུའི། །ཡལ་གའི་ཁྱོན་ཡངས་སྐུ་གསུམ་འབྲས་ཕྱུག་པའི། །དཔག་བསམ་དབང་པོ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །གདོང་བཞི་ཉེ་དབང་མིག་སྟོང་དྲེགས་པའི་ཚོགས། །གྲགས་པ་འཆི་མེད་རྔ་ཡིས་ཟིལ་མནན་པའི། །སྙན་པས་ཀུན་ཁྱབ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཅིག་ཆར་མངོན་མཐོ་ངེས་ལེགས་དཔལ་ཡོན་གྱི། །སྤྱོད་ཡུལ་གནས་པའི་བསམ་པ་རྫོགས་བྱེད་པའི། །ཕོངས་པ་ཀུན་སེལ་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཆོས་ཕུང་བྱེ་བའི་ཆུ་ཀླུང་མངོན་འབབ་ཅིང༌། །ཐེག་གསུམ་ནོར་བུའི་ཚོགས་ཀྱིས་ཡོངས་གཏམས་པའི། །རིན་ཆེན་འབྱུང་གནས་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ལེགས་བཤད་ཟེར་གྱིས་འཇིག་རྟེན་ཡོངས་འགེངས་པས། །ཟླ་ཉི་སྐྱེངས་ཏེ་སྐབས་གསུམ་ལམ་འབྲོས་པའི། །ལུས་ཅན་མིག་མཆོག་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་ཆེན་པོས། །འགྲོ་ལ་དགེ་བའི་ལོ་ཏོག་སྨིན་བྱེད་པའི། །ཐུགས་རྗེའི་ཆུ་འཛིན་དཔལ་ལྡན་འབྲུག་པ་ཡི། །འཁོར་ལོ་གསུམ་གྱི་བསྟན་པ་རྒྱས་གྱུར་ཅིག །ཁྱོད་ལ་བསྟོད་པའི་དགེ་བ་གང་ཐོབ་པས། །འགྲོ་འདིས་ཡོན་ཏན་མཐའ་ཡས་མགོན་པོ་རྣམས། །མཐོང་ནས་ཆོས་སྤྱན་དྲི་མེད་རབ་སྐྱེས་ཏེ། །བྱང་ཆུབ་དམ་པ་མྱུར་དུ་ཐོབ་པར་ཤོག །མགོན་པོ་ཁྱོད་ཀྱི་གསུང་རབ་རྟག་ཉན་ཞིང༌། །དད་ཅིང་བརྩོན་པས་བྱང་ཆུབ་ལམ་ཐམས་ཅད། །རྫོགས་དང་རྒྱལ་བའི་ཞིང་ཀུན་སྦྱོང་བྱེད་ཅིང༌། །སེམས་ཅན་ཐམས་ཅད་སྨིན་མཛད་ཉིད་གྱུར་ཅིག །

ཅེས་པ་འདི་ཉིད་ཙོག་པུ་བ་གཡའ་བཟང་པས་བསྐུལ་ངོར་ཤཱཀྱའི་དགེ་སློང་མི་ཕམ་པདྨ་དཀར་པོས་ཤར་ཀོང་པོའི་སའི་ཆ་རྡོ་གཞོང་དང་ཉེ་བའི་སྒང་དུ་སྦྱར་བའོ།། །།