༄༅། །ཀུན་མཁྱེན་པད་དཀར་གསུང་སྨོན་ལམ།(༨)

༈ མཁའ་མཉམ་འགྲོ་བ་ཀུན་གྱི་སྨན་གཅིག་པུ། །ཕན་དང་བདེ་བ་ཀུན་གྱི་དཔལ་འབྱུང་བའི། །ཐུབ་བསྟན་དམ་པ་རྙེད་དང་བཀུར་སྟི་ཡི། །སྒོ་ནས་ས་ལ་དར་ཞིང་རྒྱས་གྱུར་ཅིག །བཤད་དང་སྒྲུབ་པའི་ཤིང་རྟའི་སྲོལ་ཆེན་པོས། །འགྲོ་རྣམས་ཐར་པའི་ལམ་ལ་འདྲེན་མཛད་པའི། །བསྟན་འཛིན་མཚུངས་པ་མེད་པའི་བཤེས་གཉེན་རྣམས། །སྐུ་ཚེ་རིང་བཞིན་འཕྲིན་ལས་རྒྱས་གྱུར་ཅིག། འདི་ནས་འཇིག་རྟེན་གཞན་གྱི་དོན་གཤེགས་པ། །ཀུན་གྱི་ས་ལམ་བར་ཆད་ཉེར་ཞི་ཞིང་། །བཞེད་དོན་དམ་པ་མ་ལུས་འགྲུབ་གྱུར་ཏེ། །སྤྲུལ་པས་རྟག་ཏུ་འགྲོ་ཕན་མཛད་གྱུར་ཅིག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་ལྡན་པ། །རྣམ་གྲོལ་བདེ་ཆེན་ས་ལམ་བགྲོད་པ་དང་། །བདག་ཀྱང་ཚེ་རབས་ཀུན་ཏུ་མཚན་ལྡན་གྱི། །དགེ་བའི་བཤེས་གཉེན་འབའ་ཞིག་བསྟེན་པར་ཤོག །རྟག་ཏུ་བདག་ནི་དམ་པའི་ཆོས་ཉན་ཞིང་། །བསྟན་པ་ཇི་བཞིན་བསྒྲུབ་ལ་མི་ངལ་བར། །ཐེག་ཆེན་འཕགས་པའི་ས་ལམ་རྫོགས་བགྱིས་ཏེ། །རྡོ་རྗེ་འཆང་དབང་ཚེ་འདིར་ཐོབ་པར་ཤོག །པདྨ་དཀར་པོས་ཀ་མ་རུ་པའི་གནས་མཆོག་ཏུ་སྦྱར་བའོ།། །།དགེ་ལེགས་འཕེལ།། །།

༄༅། །རྒྱལ་བསྟན་རྒྱས་པའི་སྨོན་ལམ་མདོར་བསྡུས་བཞུགས་སོ། །

སྐྱེ་དགུའི་བསོད་ནམས་དཔལ་ལས་གྲུབ་པའི་གཞི། །མ་རིག་འཐིབ་པའི་མུན་པ་ཀུན་སེལ་ཞིང་། །ཡེ་ཤེས་འོད་གསལ་སྣང་བ་སྦྱིན་མཁས་པའི། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །ཕན་བདེའི་གྲིབ་བསིལ་འཁོར་ཡུག་ཁྱབ་པ་ཡིས། །ཉེས་པའི་ཚ་གདུང་ཇི་སྙེད་ཀུན་སྐྱོབ་སྟེ། །དོན་གཉིས་འབྲས་བུ་གཡུར་དུ་ཟ་བ་ཅན། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག། དག་གསལ་རྙོག་བྲལ་བདུད་རྩིའི་ཕུང་པོ་ཆེ། །ཟབ་རྒྱས་ཞི་བསིལ་ཡིད་བཞིན་འབྱུང་བའི་མཛོད། །གང་ལ་བརྟེན་པས་ཉེས་པའི་ཚོགས་བཅོམ་པ། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །ཚུལ་ཁྲིམས་འཆུ་བ་རབ་བརྟན་ཐོས་བསམ་གྱི། །འདབ་བརྒྱ་གྲོལ་ཞིང་སྒོམ་བྱུང་བདུད་རྩིའི་རོ། །ཅི་དགར་འགྱེད་པས་ཀུན་དགའི་དཔལ་སྟེར་བ། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །དཔྱད་གསུམ་བྱི་དོར་བགྱིས་པའི་དྲི་བྲལ་དབྱིག །དང་འདོད་དད་པའི་རྒྱལ་མཚན་རྩེར་བཀོད་དེ། །རྙེད་བཀུར་མཆོད་སྤྲིན་གཏིབས་པའི་དགེ་མཚན་བཅས། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །རྩོད་ལྡན་སྙིགས་ལྔའི་རང་རྟགས་དུག་ཅན་ཟས། །ལྷག་བསམ་མདོངས་མཐའ་ཅན་གྱིས་གསོས་གྱུར་ཏེ། །ལུང་རྟོགས་ལང་ཚོ་ཅི་ཡང་ངོམ་པ་ཡིས། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །བཤད་སྒྲུབ་བདུད་རྩིའི་ཆུ་གཏེར་ཆ་རྫོགས་ཤིང་། །སྐྱེ་དགུའི་ཕན་བདེ་ཀུནྡའི་འདབ་བརྒྱ་བཞད། །སྐལ་བཟང་རྐང་དྲུག་གཞོན་ནུའི་འཕུར་ལྡིང་ཅན། །རྒྱལ་བའི་བསྟན་པ་ཕྱོགས་དུས་ཀུན་ཁྱབ་ཤོག །མཆོག་གསུམ་རབ་འབྱམས་རྒྱ་མཚོའི་བདེན་སྟོབས་ཀྱིས། །རྣམ་དག་སྨོན་པའི་དོན་བཟང་ཇི་སྙེད་པ། །གེགས་མེད་མྱུར་བ་ཉིད་དུ་འགྲུབ་གྱུར་ཏེ། །དགེ་ལེགས་སྣང་བས་ཕྱོགས་དུས་ཀུན་ཁྱབ་ཤོག །ཅེས་བསླབ་གསུམ་ཡོན་ཏན་གྱི་དཔལ་གྱིས་འབྱོར་བ་གཞན་ཕན་སྣང་བ་ནས་བསྐུལ་བ་དང་དུ་བླངས་ཏེ། བཙུན་ཆུང་དགེ་ལེགས་རྒྱ་མཚོས་སྦྱར་བ་དགེ། །
དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་ཀྱིས། །གངས་ལྗོངས་དུས་ཀྱི་རྒུད་པ་ཀུན་ཞི་ཞིང་། །ཕན་བདེའི་འབྱུང་གནས་དྲི་མེད་རྒྱལ་བའི་བསྟན། །རྙེད་དང་བཀུར་སྟི་བཅས་ཏེ་རྒྱས་གྱུར་ཅིག །ཅེས་ཀྱང་སྨོན་ནོ། ། ཞེས་བསྟན་རྒྱས་སྨོན་ལམ་འདི་ནི། ཡང་དར་བསྟན་པའི་གསལ་བྱེད་ཆེན་པོ། བཀའ་དྲིན་མཚུངས་མེད་༧ཆོས་རྗེ་མཁན་ཆེན་བླ་མ་རིན་པོ་ཆེ་མཚན་བརྗོད་པར་དཀའ་བ་འཇམ་དཔལ་དོན་བརྒྱུད་ཉི་མའམ། དགེ་ལེགས་རྒྱ་མཚོ་མཆོག་གི་ཞལ་སྔ་ནས། སྐུ་ཆུང་ངུའི་དུས་སུ་ལྗགས་རྩོམ་གནང་བའི་གསུངབྱིན་རླབས་ཅན་ལགས་སོ།།་
བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉོན་མོང་དགྲ་རྣམས་ཕམ་བྱས་ཤིང་། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །